ཤོག་བྱ་སྤུར་བ།

ཐུབ་རྒྱམ།        2017-10-30


ཁ་སང་།
ངས་ཤོག་བྱ་ཞིག་སྤུར་ཞིང་།
ཤོག་བྱའི་ངོས་སུ་བྱིས་བློ་དང་དབྱངས་གསལ།
ཨ་མའི་བྱམས་བརྩེ་སོགས་གང་མང་ཞིག་བྲིས་ཡོད་དེ།
དེ་ནི་སྟོང་སྣང་གིས་བཟོས་པའི་མཁའ་མཐའི་ཁྲ་རྒྱན་ཞིག་དང་མཚུངས།

དེ་རིང་།
ངས་ཤོག་བྱ་ཞིག་སྤུར་ཞིང་།
ཤོག་བྱའི་ངོས་སུ་བརྩེ་བ་དང་ཚོར་བ།
མཛའ་མོའི་ཟུར་མིག་སོགས་གང་མང་ཞིག་བྲིས་ཡོད་ལ།
སྐུད་སྣེ་བུ་མོ་གཞོན་ནུ་དེའི་ལག་ཏུ་ཚུད་ཅིང་།
ཚོར་བའི་བང་ཁ་ལྷོད་ཙམ་ཡང་གནང་བ་མ་བྱུང་།

སང་ཉིན།
ངས་ཤོག་བྱ་ཞིག་སྤུར་ངེས།
ཤོག་བྱའི་ངོས་སུ་རྨི་ལམ་དང་བདེ་སྐྱིད།
འཚོ་བའི་ཁ་དོག་སོགས་གང་མང་ཞིག་འབྲི་བཞིན།
སྤྲིན་དཀར་གྱི་འདབ་མ་དང་ལྷན་དུ།
སྟོང་བའི་དབྱིངས་ནས་ལག་འཇུ་དམ་པོ་ཞིག་གི་ངང་ཚུལ་ངོམ་འགྲོ་ལ།
སྐུད་སྣེ་སླར་ཡང་བྱིས་པ་ཞིག་གི་ལག་ཏུ་འཆོར་ངེས་རེད།


  • ལེ་ཚན་སྔོན་མ།:དགེ་རྒན་ལ་བསྔགས་པ་སེམས་སྒྲ་རང་ཚོར།
  • ལེ་ཚན་རྗེས་མ།:ཚེ་སྲོག་ལ་བརྒྱུས་པའི་མཐོ་བོད།