དྲི་བསུང་འཐུལ་བའི་ལོ་ངོ་སྟོང་གི་ལག་རྩལ།

སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར།        2017-10-24

     དྲི་བསུང་འཐུལ་བའི་ལོ་ངོ་སྟོང་གི་ལག་རྩལ།

     ཐེངས་དང་པོར་བོད་ལུགས་སྨན་འཇིམ་འབག་མགོ་མཇལ་བའི་གྲོགས་པོར་མཚོན་ན། གསོན་ཉམས་དོད་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལྷ་སྐུ་དང་ལོ་རྒྱུས་ཀྱི་མི་སྣ་གྲགས་ཅན་གྱི་རྣམ་པ་དང་། ཚོན་མདངས་རྣམ་པར་བཀྲ་བའི་ཁ་དོག   དྲི་བསུང་རབ་ཏུ་འཐུལ་བའི་སྨན་འཇིམ་གྱི་དྲི་མ་བཅས་ལ་བག་ཆགས་ཟབ་མོ་བཞག་ཅིང་ནམ་ཡང་བརྗེད་ཐབས་བྲལ་སྲིད་པ་རེད། རང་རྒྱལ་གྱི་འབག་མགོའི་ལོ་རྒྱུས་ཐམས་ཅད་ལ་བལྟས་ཚེ་སྣ་མང་ཕུན་སུམ་ཚོགས་ཤིང་སོ་སོར་ཐུན་མིན་གྱི་ཁྱད་ཆོས་རབ་ཏུ་མངོན། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཡིན་ཞིང་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ལུགས་འབག་མགོ་ལ་ཁྱད་འཕགས་ཀྱི་བཟོ་རྩལ་དང་སྒྱུ་རྩལ་གྱི་ཡིད་དབང་འགུགས་ཤུགས་གང་དག་ཡོད་པ་རེད་ཅེ་ན།

     བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ཀྱི《ཤེས་བྱ་ཀུན་འདུས།》ལས། སྨན་འཇིམ་འབག་མགོ་དང་སངས་རྒྱས་ཀྱི་བརྙན་རིས་ནི་ལོ་ངོ༡༣༠༠ལྷག་གི་སྔོན་གྱི་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོང་ཇོའི་དུས་སུ་བྱུང་བར་བཀོད་ཡོད། དམངས་ཁྲོད་དུ། སྨན་འཇིམ་འབག་མགོའི་བྱུང་བའི་ཐད་ལ་ད་དུང་གཏམ་རྒྱུད་ཅིག་ངོ་མཚར་བ་ཞིག་ཡོད་པ་སྟེ། རྒན་མོ་དད་ཅན་ཞིག་གིས་དགོན་པར་མཆོད་པ་ཕུལ་དུས་ཡིད་གཟབ་མ་བྱས་པར་མེ་སྐྱོན་ཤོར་ནས་དགོན་པ་ཡོངས་རྫོགས་བསྲེགས་པ་རེད། མེ་བསད་རྗེས་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོང་ཇོས་དགོན་པ་བསྐྱར་སྐྲུན་བྱ་རྒྱུ་ཐག་བཅད་ཅིང་སྔར་ལྟར་མེ་སྐྱོན་ཤོར་བར་འགོག་པའི་ཆེད་དུ་རྒྱ་བཟའ་ཀོང་ཇོས་མནོ་བསམ་ཡང་ཡང་བཞེས་རྗེས་ཐབས་ཤེས་ཤིག་རྙེད་པ་སྟེ། སྨན་རྫས་རྩ་ཆེན་དང་རྩྭ་སྨན། བསུང་རྫས། རིན་པོ་ཆེ་སོགས་འཇིམ་འདམ་དུ་བསྲེས་ནས་འཇིམ་སྐུ་དང་འཇིམ་པའི་འབག་མགོ་བཟོས་ཏེ་རབ་གནས་དང་བྱིན་རླབས་གནང་རྗེས་མཆོད་ཡུལ་དུ་བཞག་པ་རེད། དེ་ནས་བཟུང་དྲི་བསུང་འཐུལ་བའི་སྨན་འཇིམ་སྐུ་དང་འབག་མགོར་ཐུན་མིན་གྱི་ཆོས་ལུགས་ཀྱི་དོན་སྙིང་དང་སྨན་ནུས་ཡོད་པས་བོད་རིགས་མང་ཚོགས་ཀྱི་ཕྱག་བྱ་ཡུལ་དུ་གྱུར་ཅིང་བདུག་སྤོས་ཀྱང་མི་དགོས་པར་གྱུར་པ་རེད། ད་ལྟའི་ལྷ་སའི་གཙུག་ལག་ཁང་དུ་དུང་སྨན་འཇིམ་ལས་བཟོས་པའི་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོང་ཇོའི་སྐུ་བརྙན་མཇལ་རྒྱུ་ཡོད་པ་རེད། ཡིན་ན་ཡང་རས་དང་ཤོག་བུའི་འབག་མགོ་བཟོ་རྩལ་ཁྱབ་གདལ་བེད་སྤྱོད་ཆེ་བའི་གནས་ཚུལ་བྱུང་བ་དང་བསྟུན་ནས་འཇིམ་བཟོ་འབག་མགོའི་ལག་རྩལ་ཉམས་དམས་སུ་ཕྱིན་པ་དང་།ལོ་ངོ་སྟོང་ལྷག་བརྒྱུད་སྤེལ་བྱུང་ཞིང་བོད་ཀྱི་ཆོས་ལུགས་རིག་གནས་དང་གནའ་བོའི་བོད་རིགས་དང་རྒྱ་གར་གྱི་སྒྱུ་རྩལ་རྣམ་པ་ཡོངས་སུ་འདྲེས་པའི་ལག་ཤེས་བཟོ་རྩལ་འདིའི་རྒྱུན་ཆད་ལ་ཉེ་བའི་གནས་སུ་ལྷུང་ཡོད།

དྲི་བསུང་འཐུལ་བའི་ལོ་ངོ་སྟོང་གི་ལག་རྩལ།

  《ཆོས་སྐྱོང་གི་མདོ》ལས་གྲུབ་མཐའ་རིས་སུ་མ་ཆད་པའི་སྨན་འཇིམ་གྱི་སྲུང་མའི་སྐུ་བརྙན་དང་འབག་མགོ་དང་དེ་དག་གི་ལྷ་རྫས་རྣམས་ཁྱིམ་དུ་མཆོད་ན། ལུས་སྲུང་རྐྱེན་ངན་ཟློག་ཐུབ་པར་མ་ཟད། སྨན་གྱི་དྲི་བསུང་རྒྱུན་ཆད་མེད་ཅེས་བཀོད་ཡོད།ངོ་མར་བཤད་ན་ཞིབ་ཕྲ་ཞིང་གསོན་ཉམས་ལྡན་ལ་དྲི་བསུང་འཐུལ་བའི་སྨན་འཇིམ་འབག་མགོ་ཞིག་ལ་མཚོན་ན། དེར་སྤྱད་པའི་རྒྱུ་ཆ་ཧ་ཅང་མང་ཞིང་བཟོ་རིམ་རྙོག་དྲ་ཆེན་པོ་ཡིན་པ་མི་ཕལ་པས་བསམ་ཚོད་ཐིག་དཀའ་མོ་ཡིན་པ་རེད། ཐོག་མར་རྒྱུ་ཆའི་གྲ་སྒྲིག་ཐད་ལ་བལྟས་ན། འཇིམ་པ་དང་ཆུ། བོད་སྨན་རིགས༦༠﹙རིན་ཆེན་ནག་པོ་དགུ་སྦྱོར་དང་། ཙན་དན་བཅོ་བརྒྱད། ཨ་གར་སོ་བརྒྱད། དུག་སེལ་དང་བཙོག་སེལ། ངལ་སེལ། ཆམ་འགོག་རིལ་བུ། གླ་འབྲས་སོགས།﹚དང་། སྨན་རྩྭ་རིགས༦༠﹙སྲོ་ལོ་དམར་པོ་དང་། སྤྲུ་དཀར། འུ་ལུ། བོད་ཀྱི་རུ་རྟ། མ་ནུ་བསེ་ཤིང་།ཤིང་ཚེར། ར་མཉེ། དབྱི་མོང་ནག་པོ་སོགས་ཡོད།﹚དང་། ཆོས་རྫས༨༠ལྷག ﹙དཔེར་ན་བྱིན་སྒྲུབ་བྱས་པའི་ཡིད་བཞིན་བདུད་རྩི་རིལ་བུ་དང་ཚེ་རིལ། གང་བློ་རིལ་བུ། འཇིགས་སྐྱོབ་རིལ་བུ། རིང་བསྲེལ་སོགས་ཡོད།﹚གཏེར་རྫས༢༠ལྷག﹙མུ་ཏིག་དང་བྱུ་རུ། སྤོས་ཤེལ། པྲ་ཚིལ། མརྒད། གཟི། ཨིནྡྲ་ནི་ལ། གཡུ་སོགས་ཡོད།﹚བཅས་བསྡོམས་འབོར་རྒྱུ་ཆ༢༠༠ལྷག་ནི་མེད་དུ་མི་རུང་བ་ཡིན། ལག་རྩལ་འདི་ཁོང་དུ་ཆུད་པའི་སྦྱོང་ཡུན་དང་ལག་ལེན་གྱི་དུས་ཚོད། དེ་མིན་རྒྱུ་ཆ་ཁེར་རྐྱང་ཞིག་འཚོལ་བའི་མི་ཤུགས་དང་རྒྱུ་ཤུགས།དུས་ཚོད་བཅས་བརྩིས་པའི་རྨང་གཞིའི་ཐོག རྙོག་དྲ་ཆེ་ཞིང་ཞིབ་ཕྲའི་བཟོ་རིམ་བཅུ་ཕྲག་ཁ་ཤས་བསྣན་པ་ཡིན་ན།སྨན་འཇིམ་གྱི་འབག་མགོ་ཞིག་ལེགས་གྲུབ་ཡོང་བར་དཀའ་ངལ་བརྒྱ་ཕྲག་བརྒྱུད་དགོས་ཀྱི་ཡོད།

དྲི་བསུང་འཐུལ་བའི་ལོ་ངོ་སྟོང་གི་ལག་རྩལ།

     འཇིམ་པ་དང་ཆུ་གྲ་སྒྲིག་བྱེད་པ་ནི་སྨན་འཇིམ་འབག་མགོའི་བཟོ་རིམ་དུ་མའི་ནང་གི་ཨང་དང་པོ་དེ་ཡིན། ང་ཚོས་རྒྱུན་དུ་མཐོང་བའི་འཇིམ་བཟོ་འབག་མགོ་དང་མི་འདྲ་བ་ཞིག་ནི། སྨན་འཇིམ་འབག་མགོ་བཟོ་བའི་འཇིམ་པ་དང་ཆུ་ནི་གནས་རི་ངེས་ཅན་གྱི་གནས་ས་ངེས་ཅན་ཞིག་ནས་བླངས་ཤིང་རབ་གནས་བྱས་རྗེས་གཞི་ནས་སྤྱོད་ཆོག་གི་རེད། སྨན་འཇིམ་འབག་མགོ་བཟོ་འགོ་ཚུགས་པ་ནས་ཆོས་ལུགས་ཁྱད་ཆོས་ཀྱིས་ཕྱུག་ཅིང་བཟོ་པས་རང་བྱུང་ཁམས་ལ་དད་གུས་བཅངས་ཡོད། བོད་ཀྱི་སྲོལ་རྒྱུན་བཤད་སྲོལ་ལྟར་ན་འཇིམ་པར་ཕོ་མོའི་དབྱེ་བ་ཡོད་ཅིང་ས་དཀར་ནི་མོ་ས་ཡིན་ཞིང་འབྱར་ཚད་ས་དམར་ལས་ཞན། བཟོས་པའི་འབག་མགོ་ཡང་ཆག་སླ་བ་རེད། ས་དམར་ནི་ཕོ་ས་ཡིན་ཞིང་འབྱར་ཚད་མཐོ།བཟོས་པའི་འབག་མགོ་ཡང་སྲ་ཞིང་མཐུག་པ་ཡིན། ཉམས་མྱོང་ཡོད་པའི་ལག་རྩལ་མཁན་པོས་ཕོ་ས་མོ་སའི་བསྡུར་ཚད་རན་པར་བྱས་ནས་སྦྱོར་སྡེབ་བྱས་པས་དེ་ལྟར་བཟོས་པའི་སྨན་འཇིམ་འབག་མགོ་ཡང་སྲ་ཞིང་ཡུན་རིང་ཉར་ཚགས་བྱེད་ཆོག་པ་རེད།

དྲི་བསུང་འཐུལ་བའི་ལོ་ངོ་སྟོང་གི་ལག་རྩལ།

     འཇིམ་པ་དང་ཆུ་བླངས་རྗེས། སྔར་གྲ་སྒྲིག་བྱས་པའི་སྨན་རྫས་རྩ་ཆེན་དང་སྨན་རྩྭ། གཏེར་རྫས། ཆོས་རྫས་བཅས་འབོར་ཚད་ལྟར་ཞིབ་མོར་འཐག་རྗེས། སྡེབ་སྦྱོར་གྱི་བསྡུར་ཚད་ལྟར་སྡེབ་སྒྲིག་བྱ་དགོས། སྨན་འཇིམ་བཟོ་མཁན་ལ་མཚོན་ན་འབག་མགོ་བཟོ་བའི་ཁྲོད་དུ་ཆེས་གལ་ཆེ་ཤོས་ནི་སྡེབ་སྦྱོར་བྱ་རྒྱུ་དེ་ཡིན་པ་རེད། རང་རྒྱལ་སྲོལ་རྒྱུན་གྱི་རྒྱ་སྨན་རིགས་གཞུང་ནི་ཟབ་ཅིང་རྒྱ་ཆེ་ཞིང་རྩྭ་སྨན་རིགས་མང་པོས་མི་ལུས་ཀྱི་ནད་བཅོས་པ་དང་བདེ་ཐང་སྲུང་སྐྱོང་ལ་ནུས་པ་གལ་ཆེན་ཐོན་གྱི་ཡོད་པ་རེད། བོད་ཁུལ་མང་ཚོགས་མི་རབས་ནས་མི་རབས་བར་མཐོ་སྒང་གི་ཁོར་ཡུག་ཏུ་འཚོ་ཞིང་ནད་དུ་མ་དང་འཐབ་པའི་ཁྲོད་ལས་གྲུབ་པའི་བོད་སྨན་ནི་ཀྲུང་གོའི་གསོ་རིག་ནོར་མཛོད་ནང་གི་འོད་འཚེར་བའི་མུ་ཏིག་ཅིག་ཡིན། སྨན་པ་ཚང་མས་ཤེས་གསལ་ལྟར་སྨན་སྤྱོད་དུས་ཚད་ཡོད་དགོས་པ་སྟེ། ཞོ་གང་མང་ན་ཕན་མེད་དང་ཞོ་གང་ཉུང་ན་སེམས་ཁྲལ་གྱི་སྣོན་མ་རུ་འགྱུར་སྲིད། བསྲེས་སྦྱོར་རང་བཞིན་གྱི་སྨན་ནུས་ཆེ་བའི་བོད་སྨན་དང་སྨན་རྩྭ་ལས་གྲུབ་པའི་སྨན་འཇིམ་འབག་མགོ་སྡེབ་སྦྱོར་བྱེད་པའི་ཚེ་སྨན་གྱི་ཚད་ནི་གནད་འགག་ནང་གི་ཡང་འགག་ཏུ་གྱུར་ཡོད། རྒྱུ་ཆ་རིགས་གཉིས་པོའི་སྡེབ་སྦྱོར་རན་ཞིང་འཚམ་པ་ཡིན་ན་བཟོས་པའི་སྨན་འཇིམ་ལས་དྲི་བསུང་ཕྱོགས་བཞིར་འཐུལ་བ་དང་སྨན་བཅོས་ཀྱི་ནུས་པ་ཐོན་ཐུབ་ལ། དེ་ལས་ལྡོག་ན་སྨན་འཇིམ་ལས་དྲི་ངན་བྲོ་ཞིང་བཟོས་པའི་འབག་མགོས་མི་ལུས་ལ་གནོད་འཚེ་བཟོ་སྲིད་པ་རེད། དེར་བརྟེན། སྨན་འཇིམ་འབག་མགོ་བཟོ་བའི་ལག་ཤེས་མཁན་པོ་རིམ་བྱུང་གིས་སློབ་མར་ལག་རྩལ་སློབ་དུས་སློབ་མར་དུས་ཡུན་རིང་པོས་བརྟག་ཞིབ་ཡང་ཡང་བྱས་རྗེས་སྣོད་དང་ལྡན་ན་གཞི་ནས་སྡེབ་སྦྱོར་གྱི་མན་ངག་བསླབ་རྒྱུ་ཐག་བཅད་པ་རེད། དེས་ན་སློབ་དཔོན་གྱིས་ལག་རྩལ་བརྒྱུད་འཛིན་ཁོ་ན་གནང་བར་མ་ཟད། ཟོལ་མེད་ཀྱི་ལྷག་བསམ་ཞིག་ཀྱང་བརྒྱུད་འཛིན་གནང་གི་ཡོད།

དྲི་བསུང་འཐུལ་བའི་ལོ་ངོ་སྟོང་གི་ལག་རྩལ།

   ཞིབ་མོར་འཐག་རྗེས་ཀྱི་རྒྱུ་ཆ་དཀྲུགས་པ་དང་བསྙལ་བར་བརྒྱུད། དེ་ནས་མུ་མཐུད་དེ་བསྡུར་ཚད་ལྟར་འཇིམ་པ་དང་ཆུ་བླུགས་ནས་དབྱེར་མེད་དུ་འདྲེས་རྗེས། སྣོད་ཆས་སུ་བཅུག་ནས་ས་འོག་ཏུ་ཉིན༧རིང་སྦས་ནས་བསྙལ་དགོས། འཇིམ་པའི་ནང་ནས་སྨན་དྲི་བྲོ་བའི་ཚེ་སྨན་འཇིམ་བཟོ་བར་ལམ་ལྷོངས་བྱུང་ཞིང་དེ་ནས་འཇིམ་སྐུ་བཟོ་བའི་དུས་རིམ་དུ་འཇུག་ཆོག་པ་རེད།

   བོད་ཀྱི་འཇིམ་བཟོའི་ལག་རྩལ་གྱི་ལོ་རྒྱུས་ནི་ཐུ་བྷོད་ཀྱི་བཙན་པོ་ཐོག་མའི་དུས་ནས་བྱུང་ཞིང་དེའི་དུས་མི་རྣམས་ཀྱིས་འཇིམ་པའི་མི་དང་སྲོག་ཆགས་བཟོ་འགོ་ཚུགས་པ་རེད། དུས་རབས༧པའི་དུས་དཀྱིལ་དུ་ནང་བསྟན་ཆོས་ལུགས་དར་བ་དང་བསྟུན་ནས་འཇིམ་བཟོའི་ལག་རྩལ་ལ་ཡང་འཕེལ་རྒྱས་བྱུང་ཞིང་། སྲོང་བཙན་སྒམ་པོའི་དུས་སུ་སླེབས་ཚེ་དམངས་ཁྲོད་དུ་འཇིམ་བཟོའི་ལག་རྩལ་དར་ཁྱབ་ཆེན་པོ་བྱུང་བ་དང་། དེའི་དུས་འཇིམ་བཟོའི་མ་རྒྱུའི་ཐད་ཀྱི་བླང་བྱ་ཕུད། ད་དུང་དམིགས་བསལ་གྱི་རྒྱུ་ཆ་སྟེ་ལྕི་བ་བསྣན་སྲོལ་ཡོད། གཅིག་ནི་ལྗིད་ཚད་ཇེ་ཡང་དུ་གཏོང་བ་དང་གཉིས་ནི་ལྕི་བའི་ནང་དུ་རྩྭ་སོགས་ཚི་སྣའི་སྐྱེ་དངོས་ཡོད་པས་ཧྲེངས་འགྲིལ་ཆེ་རུ་གཏོང་བའི་ནུས་པ་རེད། ཚུལ་བཞིན་བསྙལ་བའི་སྨན་འཇིམ་ལས་ལུས་ཁམས་དྭངས་སེང་ངེར་བྱུང་བའི་སྨན་དྲི་བྲོ་བ་དང་བ་སྤུའི་ཁུང་བུ་ལྟ་བུའི་དབུགས་འབྱིན་རྔུབ་ཀྱི་པགས་རིས་ཆགས་པ་རེད། ལག་རྩལ་མཁན་པོས་རང་བཟོའི་ཤིང་གི་ལག་ཆ༢༠ལྷག་སྟེ་དཔེར་ན་ཤིང་གྲི་དང་ཤིང་དབྱུག ཤིང་གི་ཐོ་བ། ཤིང་འབིག ཤིང་ཤད། ཤིང་བགྲུས་སོགས་སྤྱད་དེ་སྨན་འཇིམ་འདི་དག་བཟོ་དབྱིབས་ཅན་གྱི་འཇིམ་གཟུགས་ཞིབ་ཕྲ་བརྐོས་རྗེས། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལྷ་བཟོའི་ཚད་ཐིག་ལེན་ཚུལ་གྱི་ཆོས་ཉིད་ལྟར་བཟོས་པའི་ལྷ་སྐུའི་ཞལ་རས་རེ་རེ་བཞིན་དལ་གྱིས་འཆར་བ་དང་། དེ་དག་ལ་ལ་ནི་བརྗིད་ཉམས་ལྡན་ཞིང་བག་ཆགས་པ་དང་། ལ་ལ་ནི་ཞི་ཞིང་བྱམས་པ་སྟེ་ལྷ་ངོ་མ་དང་ཨ་ན་མ་ན་ཡིན་པས་དད་གུས་དབང་མེད་དུ་སྐྱེས་སྲིད། བཟོ་དབྱིབས་དང་ལྡན་པའི་འབག་མགོ་འདི་དག་རང་བྱུང་གིས་བསིལ་སྐམ་བྱས་རྗེས་རྡར་ནས་ཚོན་བྱུག་པའི་བཟོ་རིམ་དུ་སླེབས་པ་རེད། སྐམ་མ་ཐག་པའི་འབག་མགོའི་ངོས་ནི་འཇམ་པོ་དེ་ཙམ་མིན་པས་རྩུབ་པོའི་ཆར་ཡང་ཡང་རྡར་ཏེ་ངོས་འཇམ་འོད་འཁྱུག་པ་གྱུར་རྗེས་གཞི་ནས་ཚོན་བྱུག་ཆོག་གི་རེད། ཚོན་བྱུག་སའི་པིར་ཡང་ལག་རྩལ་མཁན་པོ་རང་གིས་བཟོས་པ་ཡིན་ཞིང་མང་ཆེ་བ་ནགས་བྱིའི་སྤུ་དང་ལྷག་པར་མཚོ་བོད་མཐོ་སྒང་གི་བྲག་བྱིའི་སྤུ་ཡིས་བཟོས་པའི་པིར་ཆེས་བཟང་བར་བརྩི། བྲག་བྱིའི་པིར་གྱིས་རིགས་སྣ་ཚོགས་ཀྱི་གཏེར་རྫས་ཞིབ་མོར་འཐག་པའི་བྱུ་རུ་དམར་པོ་དང་མུ་ཏིག་དཀར་པོ།པྲ་ཚིལ་སེར་པོ། མརྒད་སྔོན་མོ། གཡུ་ལྗང་ཁུ་སོགས་ཀྱི་ཚོན་ཁ་དུ་མས་འབག་མགོར་ཚོན་བྱུག་པའི་ཚེ། དེ་སྔོན་དམར་སྨུག་ཅན་གྱི་འབག་མགོ་སྔར་ལས་མཚར་སྡུག་ལྡན་པ་ཞིག་ཏུ་གྱུར་བ་རེད།

དྲི་བསུང་འཐུལ་བའི་ལོ་ངོ་སྟོང་གི་ལག་རྩལ།

   བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བཟོ་དབྱིབས་སྒྱུ་རྩལ་ཁྲོད་དུ། འབག་མགོ་ནི་རིགས་གལ་ཆེན་ཞིག་ཡིན། ཡིན་ན་ཡང་ཤིང་དང་ཤོག་བུ། འཇིམ་པ།ལྤགས་པ་སོགས་རྒྱུ་ཆ་མི་འདྲ་བའི་འབག་མགོ་གང་རུང་དང་།  དེ་མིན་འབག་འཆམ་དང་དཔྱངས་འགེལ། བོད་ཀྱི་ཟློས་གར་སོགས་སུ་སྤྱོད་པའི་འབག་མགོ་མི་འདྲ་བ་གང་ལྟར་ཡིན་ཡང་དེ་དག་གི་ཚོན་མདངས་ལ་ཆོས་ལུགས་ཀྱི་མཚོན་བྱེད་སྙིང་པོ་གསལ་པོ་རེ་ཡོད་པར་མ་ཟད། སོ་སོའི་མཚན་ཉིད་དང་ཁྱད་ཆོས་ལ་གཞིགས་ནས་ཆོས་ཀྱི་དགོངས་དོན་དང་མཐུན་པའི་ཚོན་མདངས་སྤྱད་དགོས་པ་རེད། ཆོས་གཞུང་དུ་མིག་ཤེས་ཀྱིས་ཁ་དོག་བཞིར་འཛིན་པར་བཤད་དེ་སྔོ་སེར་དཀར་དམར་བཞི་ནི་བོད་ཀྱི་རི་མོ་དང་འབག་མགོར་རྒྱུན་དུ་སྤྱོད་པའི་རྩ་བའི་ཁ་དོག་ཡིན། དམར་པོས་ཞི་ཁྲོ་དབང་གསུམ་མཚོན་ཞིང་སེར་པོས་འོད་གསལ་སྙིང་རྗེ་དང་ཤེས་རབ་ཆེན་མོ།བསོད་ནམས་ཕུན་སུམ་ཚོགས་པ་མཚོན་པ་དང་སྐབས་རེར་མཐོང་ཚོར་ཇེ་དྲག་ཏུ་གཏོང་ཆེད་ད་དུང་གསེར་བཙོ་མས་ཚོན་རྫས་བྱས་པ་རེད། མཐིང་སྔོན་གྱིས་དབང་ཟིལ་དཔའ་གསུམ་མཚོན་ཞིང་དཔེར་ན་སྲུང་མའི་སྐུ་དང་ལྷ་སྐུའི་རྒྱབ་ངོས་དང་གསལ་ལྗོངས་ལྟ་བུ་རེད། ལྗང་ཁུས་བྱམས་པ་ཆེན་པོ་དང་བསིལ་བའི་བདུད་རྩི་སྦྱིན་པ། སེམས་ཅན་སྡུག་བསྔལ་ལས་སྒྲོལ་བ། མཛད་པ་ཆེ་ཞིང་གནོད་མེད་དགེ་འཕེལ་བཅས་མཚོན། ནག་སྨུག་གིས་སྡིག་པའི་ལས་མཚོན་པ་དང་། དཀར་པོས་དགེ་བའི་ལས་བསྟན་ཞིང་ཟོལ་མེད་སྐྱོན་བྲལ་དང་དྲི་མ་བྲལ་བ། སྙིང་རྗེ་དང་དགའ་བ་ཆེན་པོ། དཀར་གཙང་ཞི་འཇམ་སོགས་མཚོན་པ་རེད། སྨན་འཇིམ་འབག་མགོར་ཐག་ཉེ་ས་ནས་བལྟས་ཚེ་དྲི་བསུང་འཐུལ་ལེར་དང་ཚོན་མདངས་བཀྲག་བ།གཟུགས་དབྱིབས་སྣ་ཚོགས། གསོན་ཉམས་ལྡན་པ་བཅས་ཡིན་པ་རེད། ཤཱཀྱ་མུ་ནེའི་ཞལ་འབག་ལ་གསེར་ཕྱེ་བྱུགས་ཤིང་དབུ་ལ་དབུ་རྒྱན་སྤྲས་ཡོད་པ་དང་སྤྱན་ཟུང་འོག་ལ་གཟིགས་ཤིང་ཞལ་རས་ཞི་འཇམ་ལྡན། མ་ཧཱ་ཀ་ལའི་ཞལ་འབག་སེར་པོ་དང་ཡང་ན་སྔོན་པོ། སྤྱན་ཟུང་ཆེ་ཞིང་བགྲད་པ་དང་ལྗགས་བསྐུངས་ཤིང་ཚེམས་མངོན་པ། དབུ་སྐྲ་དམར་སེར་ཅན་ཡིན། དཔལ་ལྡན་ལྷ་མོའི་དབུ་ལ་བྱུ་རུ་དམར་པོ་དང་གཡུ་ཡི་ཕྲ་བརྒྱབ་པའི་གསེར་གྱི་དབུ་རྒྱན་མནབས་ཤིང་རྨ་བྱའི་སྒྲོ་མདངས་ཀྱི་སྐྲ་འཛིན་ལྗང་ནག་ཡིན་པ་དང་། ཞལ་སྔོ་ནག་ཁྲོ་བོའི་རྣམ་པ་ཅན་ཡིན། རྒྱ་བཟའ་ཀོང་ཇོ་དང་སྲོང་བཙན་སྒམ་པོའི་ཞལ་འབག་ནི་ཞི་ཞིང་འཇམ་ལ་སྤྱན་ཟུང་བག་བྲོ་བ།ཉམས་འགྱུར་བརྗིད་ཅིང་བརླིང་བ་ཡིན་ནོ།།

དྲི་བསུང་འཐུལ་བའི་ལོ་ངོ་སྟོང་གི་ལག་རྩལ།

   ཐང་ག་འབྲི་བའི་ཚེ་སྤྱོད་པའི་ཚོན་དང་འདྲ་བར་འབག་མགོར་ཚོན་ཁ་སྣོན་པའི་མ་རྒྱུ་ཡང་རང་བྱུང་ཁམས་ལས་བླངས་པའི་གཏེར་རྫས་ཀྱི་ཚོན་ཡིན་ཞིང་རྫས་འགྱུར་གྱི་ཆ་གཏན་ནས་མི་འདྲེས་པས་སྨན་འཇིམ་གྱི་དྲི་བསུང་ཇི་བཞིན་དུ་ཁྱབ་ཐུབ་པར་ཕན་པ་རེད། བོད་རིགས་མི་དམངས་ཀྱིས་རང་བྱུང་ཁམས་ལ་བརྩི་བཀུར་དང་དགའ་ཞེན། ཚུལ་བཞིན་དུ་བརྟེན་ཚུལ་བཅས་ནི་ཁོང་ཚོའི་འཚོ་བའི་ཕྱོགས་དུ་མ་ལས་མཚོན་ཐུབ་ཅིང་ལག་ཤེས་བཟོ་རྩལ་གྱི་ཐད་ནས་ཡང་སྒོས་སུ་མངོན་གསལ་ཆེན་པོ་མཚོན་ནུས་པ་སྟེ། དཔེར་ན་བཟོ་སྐྲུན་དང་རྐོས་མ། རི་མོ། སླས་འཐག་སོགས་རེད། ལག་བཟོ་མཁན་པོའི་ཕྱག་ཟུང་གི་རྩལ་ལས་ཐོན་ཞིང་དྲི་བསུང་འཐུལ་བའི་སྨན་འཇིམ་འབག་མགོའི་ཐུན་མིན་ཡིད་འགུལ་ཐེབས་པའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཀུན་ལས་ལྷག

     ཚོན་གཏོང་བའི་གོ་རིམ་མཇུག་བསྒྲིལ་རྗེས། སྨན་འཇིམ་འབག་མགོ་ད་དུང་ལེགས་གྲུབ་བྱུང་མེད་ཅིང་། བཟོ་མཁན་གྱིས་འབག་མགོའི་རྒྱབ་ཏུ་གཟུངས་ཡིག་བརྐོ་དགོས་པར་མ་ཟད། རྟོགས་པ་ཡོད་པའི་བླ་མས་བྱིན་གྱིས་བརླབས་རྗེས་འབག་མགོའི་ནང་དུ་ཐུམ་རྒྱ་རྒྱག་དགོས། དེ་ནས་བླ་མས་རབ་གནས་དང་དབང་བསྐུར་བྱིན་རླབས་གནང་བའི་རྗེས་སུ། ཉིན་བཅུ་ཕྲག་ཁ་ཤས་ཀྱི་དཀའ་སྡུག་བརྒྱབ་པའི་འབྲས་བུ་སྟེ་བོད་ཀྱི་ཆོས་ལུགས་དང་སྒྱུ་རྩལ། གསོ་རིག་བཅས་ཀྱི་རིག་གནས་དང་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཟུང་དུ་འབྲེལ་བའི་སྨན་འཇིམ་འབག་མགོ་དེ་གཞི་ནས་ཡོངས་སུ་ལེགས་གྲུབ་བྱུང་བ་རེད།

དྲི་བསུང་འཐུལ་བའི་ལོ་ངོ་སྟོང་གི་ལག་རྩལ།

   འབག་མགོ་སྤུས་དག་ཅིག་བཟོས་པར་རུལ་རྒྱུ་མེད་པ་དང་མདོག་ཁ་མི་འགྱུར་བ། སྦགས་ལྷད་མེད་པའི་ཁྱད་ཆོས་ཡོད་ཅིང་། འབག་མགོ་དེ་དག་སྒྱུ་རྩལ་གྱི་བརྩམས་ཆོས་སུ་བརྩིས་ནས་དཔྱངས་འགེལ་བྱས་ན་སྤྱན་གཟིགས་དངོས་རྫས་མཆོག་ཏུ་གྱུར་པ་ཞིག་ཡིན་ཞིང་། བོད་རིགས་ལས་གཞན་པའི་ས་ཆར་བོད་ཀྱི་རིག་གནས་བརྒྱུད་སྒྲོག་སྤེལ་རེས་བྱེད་པར་སྐུལ་སྤེལ་ནུས་པ་ཡག་པོ་ཡོད་པ་རེད། སྤོས་གཏོང་བ་ནི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཞི་དུལ་པོའི་བྱ་བ་ཞིག་ཡིན་ལ། སྤོས་བཏང་ན་སེམས་ཞི་བ་དང་མཁའ་དབུགས་གཙང་བ། སེམས་རྒྱུད་འདུལ་བའི་ཕན་པ་ཡོད་པ་རེད། མུའུ་ཙི་ཡིས་བདུག་སྤོས་ནི་མི་ལ་ལྷན་སྐྱེས་སུ་མཁོ་ཞིང་རྙེད་དཀའ་བ་དང་ཚེ་རིང་བར་ཕན་ཞེས་གསུངས་མྱོང་བ་རེད། བཤད་སྲོལ་འདིའི་ཐད་ནས་བལྟས་ན་མི་ལུས་དང་ཁོར་ཡུག་ལ་གསོ་སྲུང་གི་ནུས་པ་ཡོད་པའི་དྲི་ལྡན་བོད་ལུགས་སྨན་འཇིམ་འབག་མགོ་ལ་ཡང་སྲོལ་རྒྱུན་གྱི་སྤོས་བདུག་པ་དང་ཐབས་མི་འདྲ་བ་ཙམ་ལས་འབྲས་བུ་འདྲ་བའི་གནད་མཆིས་སོ།། 

དྲི་བསུང་འཐུལ་བའི་ལོ་ངོ་སྟོང་གི་ལག་རྩལ།

    གནའ་ནས་ད་བར། བོད་ལུགས་སྨན་འཇིམ་འབག་མགོར་ནང་མི་དང་སྐྱེས་པ་མ་གཏོགས་ཕྱི་མི་དང་བུད་མེད་ལ་བརྒྱུད་སྤེལ་བྱེད་སྲོལ་མེད་ཅིང་ཁ་བརྒྱུད་ཀྱི་བྱེད་ཐབས་ཁོ་ནར་བརྟེན་པ་འདིས་སྨན་འཇིམ་འབག་མགོའི་བཟོ་ཐབས་ད་ལྟའི་བར་འཐུས་ཚང་བའི་ཡིག་ཆའི་ཐོ་འགོད་མེད་པ་རེད། ལག་བཟོ་བར་ཤེས་བྱ་ཡོན་ཏན་དང་ལག་རྩལ་ཞིབ་ཕྲ། དད་སེམས་བརྟན་པོ།ཐོག་མའི་བསམ་འདུན་སྲུང་ཐུབ་པ་སོགས་ཀྱི་ཆ་རྐྱེན་འཛོམ་དགོས་པས་ལག་རྩལ་སྦྱོང་མཁན་ཚོས་དྲན་པ་ཙམ་གྱིས་འཇིགས་སྐྲག་སྐྱེ་བ་དང་ལས་མཐའ་མ་འཁྱོལ་བའི་སྦྱོང་མཁན་ཡང་མང་པོ་ཡོད་པ་རེད། ལག་རྩལ་འདི་རྒྱུན་ཆད་ལ་ཉེ་བའི་གནས་སུ་ལྷུང་བའི་རྒྱུ་རྐྱེན་གཙོ་བོ་ཡང་ལག་རྩལ་སྦྱོང་བའི་ཆ་རྐྱེན་ནན་པོ་འདི་དག་ལ་ཐུག་ཡོད་ནའང་ཐང་།

     རིག་གནས་ནི་མི་རིགས་ཤིག་གི་འབྱུང་རྩ་ཡིན་ཞིང་། འབྱུང་རྩ་རིང་དུ་བསྲིང་ཐུབ་མིན་ནི་མི་རིགས་ཀྱི་འབྱུང་འགྱུར་ཡག་ཉེས་ལ་ཐུག་ཡོད། བོད་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་ཆོས་ལུགས་དང་སྒྱུ་རྩལ། གསོ་རིག་ཤེས་བྱ།ཕུལ་བྱུང་ལག་ཤེས་བཟོ་རྩལ་བཅས་གཅིག་ཏུ་འདུས་པའི་སྨན་འཇིམ་འབག་མགོའི་འབྱུང་འགྱུར་གྱི་ལམ་བུ་གང་དུ་ཡོད་དམ།


  • ལེ་ཚན་སྔོན་མ།:ངོ་མཚར་བའི་སྒྱུ་རྩལ་རིག་གནས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།