དགེ་རྒན་ལ་བསྔགས་པ་སེམས་སྒྲ་རང་ཚོར།

སྒོ་སྤྲེའུ་ངེས་དོན།        2017-10-17

སྐད་གསུམ་ལོ་ཙཱའི་སྨྲ་བརྗོད་གཞལ་མཐའ་བྲལ།།

དུས་རབས་དཔའ་བོ་དམ་པའི་མཚན་ཉིད་ལྡན།།

དྲིན་ཆེན་ཨ་ནུ་ཐོན་མའི་རྗེས་གྲུབ་པའི།།

མཚན་ལྡན་སློབ་དཔོན་དམ་པའི་དྲུང་དུ་འདུད།།

 

དམ་པའི་གཞུང་ལུགས་འཆད་པའི་ལེགས་ཚོགས་དཔོན།།

གནས་མང་ཤེས་བྱའི་གཏེར་སྣོད་མངའ་བདག་རྒྱལ།།

སྣེ་ཤན་ཕྱོགས་སྟོན་གསལ་བའི་སྒྲོན་མེ་མཆོག།

རིན་ཆེན་དགོས་འདོད་འབྱུང་གཞིའི་བཤེས་གཉེན་བསྔགས།།

 

རྨོངས་པའི་མུན་པ་འཇོམས་པའི་བློ་ཡི་རྩེར།།

ཐབས་མཁས་ཤེས་རབ་རལ་གྲིས་གཅོད་མཁས་ཤིང་།།

ལྷག་བསམ་འོ་མའི་རྒྱ་མཚོས་སྤུད་ལེགས་པའི།།

དཔྱོད་ལྡན་དགེ་བའི་བཤེས་གཉེན་གུས་པས་འཚལ།།

 

རིག་ལྔའི་འཆད་རྩོད་རྩོམ་པའི་ལེགས་ཚོགས་གཞུང་།།

སྦྲང་ཆར་ཟམ་ཟིམ་འཇོ་བར་ཡང་དག་གསལ།།

ལེགས་ཉེས་བླང་དོར་འབྱེད་པའི་མུ་མེད་མཆོག།

རིག་པའི་དབང་གིས་ཕྱུག་པའི་སློབ་དཔོན་ཁྱེད།།

བསླབ་གསུམ་ཡོན་ཏན་ཟབ་མོ་མཁའ་དང་རྩེན།།

ཐུགས་བསྐྱེད་ཀློང་རྒྱ་ཡངས་མོས་གཞན་ཡིད་འགུགས།།

ཀུན་མཁྱེན་མི་ཕམ་མཆོག་གི་མཁྱེན་པའི་ཟླ།།

བརྗེད་མེད་བཤེས་གཉེན་དམ་པ་ཁྱེད་མིན་སུ།།

 

རིན་ཆེན་བདུད་རྩིའི་བསླབ་བྱ་རིན་བྲལ་འཆད།།

དངོས་གྲུབ་བསྟན་བཅོས་ངག་གི་གར་རྩེན་པའི།།

ལང་ཚོ་གསར་བའི་ཕུགས་འདུན་དགེ་ལེགས་སྩོལ།།

བཀའ་དྲིན་མཚུངས་མེད་དགེ་རྒན་དམ་པ་ལགས།།

 

དཔལ་ལྡན་ཤེས་རིག་ནོར་བུའི་བསྙེན་རྫོགས་ཤིང་།།

བྱམས་བརྩེའི་ངང་རྒྱུད་འཇམ་པོ་གཤིས་སུ་འཛོམས།།

སྐྱེ་རྒུའི་རྨོངས་མུན་སེལ་བའི་སྐྱབས་གནས་མཆོག།

སྙིང་རྗེའི་བདག་ཉིད་ཆེན་པོ་སློབ་དཔོན་ཁྱེད།།

 

གཙུག་ལག་རིན་ཆེན་འདོད་དགུ་སྤྱི་བོར་བཀུར།།

ཆོས་སྲིད་གསེར་གྱི་ཉི་གཞོན་ལུགས་ལྟར་སྲུང་།།

སྐྱབས་གནས་དཀོན་མཆོག་གསུམ་པོ་མི་བསླུ་བའི།།

ཚུལ་ལྡན་སློབ་དཔོན་དམ་པ་སླར་ཡང་བསྔགས།།


  • ལེ་ཚན་སྔོན་མ།:ཕ་ཡུལ་དུ་ལུས་པའི་མིག་ཆུ།
  • ལེ་ཚན་རྗེས་མ།:ཤོག་བྱ་སྤུར་བ།