ཕ་ཡུལ་དུ་ལུས་པའི་མིག་ཆུ།

འཕྲིན་ལས་མཚོ།        2017-10-17

     མཛེས་སྡུག་གི་ཞིང་ས། མེ་ཏོག་གི་ཕ་ས། དྲུག་འགྱུར་ངུ་ངག་གི་དབྱངས་རྟ་སྙན་མོས་རི་ལུང་ཁེངས། སྐབས་དེར། མེ་ཏོག་སད་ཀྱིས་ཁྱེར་ཞིང་ལྗོན་ཤིང་རླུང་གིས་གཏོར།

     གསུབ་མེད་ཀྱི་ཁ་སང་གི་སྐྱོ་སྡུག་རེ་རེ། བཞུར་མཚམས་མི་ཆོད་པའི་དེ་རིང་གི་མིག་ཆུ་རེ་རེ། སུ་ཞིག་གིས་དཔྱིད་གསུམ་བུ་མོའི་བཅུ་དྲུག་ལང་ཚོ་རྒྱབ་ཏུ་བསྐྱུར་ཞིང་། བདེ་སྐྱིད་དཔལ་གྱིས་རོལ་བའི་འཚོ་བར་བར་ཆད་བྱས། ཕ་ཡུལ་གྱི་གྲུ་ག་རེ་རེ་ན་ངའི་དགའ་སྐྱོ་ཟུང་གི་ཡིད་འགྱུར་གང་མང་ཡོད་ལ། བདེ་སྡུག་གི་ཕྱིར་དྲན་གང་མང་མཆིས། ད་དུང་ང་ཚོས་གཉའ་གནོན་དང་ཐུབ་ཚོད་འོག་བཞུར་མྱོང་བའི་མིག་ཆུ་གང་མང་། དཀའ་སྡུག་དང་མཐོང་ཆུང་གསེབ་ནས་བཞུར་བའི་རྣག་ཁྲག་ཇི་སྙེད། ཤག་ཤག་ཏུ་བཞུར་བའི་གཙང་བོ་དེ་དག་གིས་ང་ཚོའི་མིག་ཆུ་མཚོན་རུང་། ནམ་མཁའི་དབྱིངས་སུ་ཟུག་པའི་ས་འཛིན་དཀར་པོ་དེ་དག་གིས་ང་ཚོའི་བརྟན་ཚུགས་ཀྱི་གཤིས་ཀ་ལོས་མཚོན། ང་ཚོས་ཆེས་མཐའ་མཇུག་གི་མིག་ཆུ་རྡོག་པོ་དེས་མུན་ནག་གི་འཚོ་བ་ལ་བདེ་མོ་བཞག་སྟེ་རང་དབང་དང་ཞི་བདེའི་གནས་སུ་འགྲོ། ང་ཚོ་ནམ་ཡང་གཉོམ་གཉོམ་ངང་འཚོ་ག་ལ་དགོས། ང་ཚོའི་མདུན་ཕྱོགས་ཀྱི་ལམ་བུ་དེར་འོད་ཟེར་ལྡན་པས། ཐུན་མོང་གི་ཕུགས་འདུན་དང་རེ་སྙེག་ཁྱེར་ཏེ་མདུན་དུ་བསྐྱོད་དང་། ཕ་ཡུལ་དུ་ལུས་པའི་མིག་ཆུ་དེ་དག་ང་ཚོའི་ཆེས་མཛེས་སྡུག་གི་ཕྱིར་དྲན་དུ་འགྱུར་ཀྱང་སྲིད།


  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་སྟོན་ཟླ།
  • ལེ་ཚན་རྗེས་མ།:དགེ་རྒན་ལ་བསྔགས་པ་སེམས་སྒྲ་རང་ཚོར།