སེམས་འགྱུ་ཕྲ་མོ།

གངས་རྩེན།        2017-09-28

     གྲོང་ཁྱེར་ན་སྒྱུ་འཕྲུལ་ལྷ་ཡི་ཞིང་བཀོད་དང་མཚུངས་པའི་མཛེས་སྡུག་མངའ་ཡང་།ངས།  སེམས་པ་ཞིག་གི་འཕྱུར་སྟངས་ལས།འཇིག་རྟེན་གྱི་རྩེ་མོར་བཞེངས་པའི་མེས་པོའི་ཁྱིམ་གཞིས་དེ་དྲན་གྱིན་འདུག   ཧ་ཅང་རྒྱང་རིང་གི་ཕར་ཕྱོགས་ན།སྤྲིན་དཀར་ལང་ལོང་རྒྱུ་བའི་གྲུ་ཁ་ན།སེམས་ཁྲལ་གྱི་མེ་སྟག་བུ་ངའི་བདེ་སྡུག་གི་ཕྱིར་མཆེད་པའི།དྲིན་ལྡན་ཨ་མའི་སྐྲ་ལོ་ཁ་བ་ལྟར་ལྷབ་ལྷུབ་ཏུ་འབབ།སེམས་གཏིང་གི་གསོལ་འདེབས་རི་ཚོགས་ཀྱི་རླུང་རྟ་བཞིན་གང་སར་སྤུར་ཚེ།སུ་ཞིག་གི་བླངས་པའི་རྩམ་དྲི་འཐུལ་བའི་གླུ་ངག་དེས།ང་དང་མེས་པོའི་སེམས་པ་གཅིག་ཏུ་སྦྲེལ།འདུ་འཛི་དང་ཚ་རླབས་ཀྱིས་བཏུམས་པའི་གྲོང་ཁྱེར་གྱི་ང་།ཉམ་ཆུང་གི་བྱེའུ་ཕྲུག་བཞིན་ཕ་ཡུལ་ལ་འཕུར་ཐེངས་རེར།ངས་ཧྲལ་ཧྲུལ་གྱི་སྦྲ་ཁྱིམ་དང་མེས་པོའི་བླ་སྲོག་གི་རྣམ་ཤེས་འཚོལ་ཐུབ།བྱམས་བརྩེའི་སྤྱན་ཟུང་ལས་བརྡོལ་བའི་ཆུ་མིག་རེ་རེ།ཤག་ཤག་ངང་ངའི་བསམ་པའི་ནང་རོལ་དུ་བཞུར་ཚེ།ཁྱོད་ལ་བརྗོད་པའི་སྙིང་གཏམ་མང་པོ་ཞིག   ངའི་ཚེ་སྲོག་གི་འཕག་འཚག་དང་འགྲོགས།གྲོང་ཁྱེར་གྱི་ཉི་འོད་རབ་ཏུ་ཚ་ཞིང་སྲེག་པས།བག་ཕེབས་བདེ་འཇམ་གྱི་ཁྱིམ་གཞིས་ཤིག་བསམ་སྟེ།ངས་ཅི་ཡང་འབྱོར་བའི་རྒྱལ་ས་ནས་ཅི་ཡང་མེད་པའི་ཕ་ཡུལ་དེ་དྲན་གྱིན་ཡོད།


  • ལེ་ཚན་སྔོན་མ།:ཁང་རྙིང་དང་རླུང་འཚུབ།
  • ལེ་ཚན་རྗེས་མ།:དཔྱིད་ཆར་དང་པོ།