གྱི་ལིང་།

གཙང་སྐར་ཆུང་།        2017-09-25

    ཕ་ཡུལ་གྱི་དགུན་ཁར། ཕྱི་རོལ་ལ་རླུང་འཚུབ་ལྡང་ཤུགས་རྒོད་པས་དྲོད་རྟ་རྔ་ཙམ་ཞིག་ཐོབ་པའང་དཀའ་མོ་རེད།  དེ་རིང་ཁྲེང་ཏུའུའི་གནམ་གཤིས་ཀྱང་ཧ་ཅང་གྲང་ལ་རླུང་བུ་ཡང་ཅུང་ཙམ་གཡུག་གིན་འདུག

     ང་རང་མལ་ཁང་ནང་ཁེར་རྐྱང་དུ་སྒྲོག་ཙེའི་སྟེང་གི་རྩིས་འཁོར་དེར་བལྟས་ནས་ཙོག་པོར་ལུས་སོང་། ཉིན་གང་གི་སློབ་ཚན་གྲོལ་རྗེས་ཅི་ཡང་ལས་རྒྱུ་མེད་དུས། ང་ཡང་གཉིད་རན།  ཡིན་ཡང་། ད་ལྟ་ཕ་ཡུལ་དུ་ཁ་བ་འབབ་ཀྱིན་ཡོད་ན། ངའི་ཕ་མ་གཉིས་དང་མིང་སྲིང་ཚོ་ཅི་འདྲའི་འཁྱགས་ཀྱི་རེད་ཨང་། ངས་ཐ་མག་རྐང་གཅིག་ལ་མེ་བསྒྲོན་ནས། དེ་ལྟར། ཕ་མ་དྲན། ཕ་ཡུལ་དྲན། མིང་སྲིང་ཚོ་དྲན།  ངེད་ཚང་གི་མེད་སོང་བའི་གྱི་ལིང་དེ་ཡང་ལྷག་ཏུ་དྲན་བྱུང་།

     དུ་བ་ལང་ལོང་དུ་མཐོ་སར་དལ་བུར་འཕྱོ་དུས། ངའི་དྲན་པའི་བ་གམ་གྱི་ཡང་སྟེང་དུ་ངེད་ཚང་གི་གྱི་ལིང་གི་བཟོ་ལྟ་དང་རྨིག་སྒྲ། ད་དུང་མཛེས་པ་དང་འཚེར་སྐད་སོགས་ཇེ་གསལ་ནས་ཇེ་གསལ་དུ་འཁོར་སོང་།

   སློབ་ཆུང་ལོ་རིམ་ལྔ་པའི་སྐབས་དེར།  ཨ་ཕས་རྟ་དང་ཐེར་གེ་མཉམ་དུ་དངུལ་སྒོར་སུམ་སྟོང་སྤྲད་རབས་བཤད་ཀྱིས། དེ་ནས་བཟུང་ཕལ་ཆེར་གྲོང་ཚོའི་ནང་ནས་རྟ་རྩེ་གྲ་དེར་གྱུར་བ་རེད།  ཁྱེད་ཀྱི་སྤུ་མདོག་དཀར་ཞིང་དྲི་མ་མེད་ལ་གཟུགས་ཀྱི་ཐིག་ལེ་ནི་མཁའ་ཡི་སྤྲིན་དཀར་གྱི་རིགས་སུ་མཐུན།

     གཟུགས་སྟོབས་ཆེ་ལ་བརྗིད་རྔམ་ལྡན་པ། བལྟས་ན་མིག་ལ་མཛེས་པ། བཞོན་ན་གོམ་འགྲོས་བདེ་བ་འདི་ནི་ངའི་སེམས་ཀྱི་རྟ་མཆོག་ཅིག་ཡིན་རྒྱུ་རེད།  གྲོང་ཚོའི་ནང་གི་རྒོད་མ་ཁྱུ་དང་ཁྱུ་ཡིས་ཁྱོད་ཀྱི་མཛེས་པ་ལ་དགའ་བའི་རེ་བ་བྱེད་པ་དང་རྟ་བདག་སུ་དང་སུ་ཡིས་ཁྱོད་ཀྱི་སྤུ་མདོག་ལ་ཉོ་འདོད་ཀྱིས་རིན་གོང་བརྒྱབ་མྱོང་ཨང་། ད་དུང་རྟ་ཕོ་ག་ཚོད་དང་ག་ཚོད་ཀྱིས་ཁྱོད་ཀྱི་རྨིག་སྒྲ་ལ་ཕྲག་དོག་གིས་སྡང་སེམས་སྐྱེས་མྱོང་བ་བགྲང་ཚོད་མེད་དོ།།  ཁྱོད་ཀྱིས་དྲན་པ་ཨེ་བྱུང་། ཁྱོད་དང་མཉམ་དུ་སྡོད་པའི་སྒོ་ཕྱུགས་དེ་ཚོ།

     བ་མོ་ཁྲ་སྐྱིད་དང་བེའུ་གངས་ཕྲུག  བོང་བུ་ནལ་མོ།ད་དུང་གླང་རྒན་ཁྲ་ཆེན་དང་ཁྲ་ཆུང་།ངས་དྲན་གསལ་ལ། ཁྲ་སྐྱིད་ནི་ཁྱེད་ཀྱི་གཟན་རྩྭ་འཕྲོག་རྒྱུར་ཤིན་ཏུ་དགའ་པོ་ཡོད། གངས་ཕྲུག་ཁོ་ངོ་མ་སྙིང་རེ་རྗེ།   ཁྱེད་ཀྱིས་ཁོ་ལ་དོན་ཡོད་མེད་ལ་མ་བལྟས་པར་འགྲམ་ལ་ཡོང་ན་རྡོག་ཐོ་གཞུས་རྐྱང་བྱེད་པ་ཁྲ་སྐྱིད་ཀྱིས་མཐོང་དུས། གཟན་རྩྭ་འཕྲོག་རེས་བྱེད་པའི་ལན་ཡང་རླུང་ལངས་པས་རེད་ཟེར་ན་ཅིས་མི་བདེན་ཨང་།

དུས་ངེས་མེད་ཞིག་ནས་ངེད་ཚང་གི་གྱི་ལིང་གོ་རྒྱུ་ཐོས་རྒྱུ་མེད་པར་བརླགས་སོང་། ཟླ་ངོ་ཁ་ཤས་ཤིག་གི་རིང་ངེད་ཚང་གི་གྱི་ལིང་གར་སོང་ཆ་མེད་ངང་བོར་སོང་།

     གསང་བ་འདྲི་ས་མེད་པར་ངེད་ཚང་གི་གྱི་ལིང་གང་ལྟར་མེད་སོང་། གནམ་སྔོན་མོར་སྤྲིན་ནག་འཛིང་ནས་ངུ་འབོད་བྱེད་ཅིང་ས་དོག་མོར་ཐལ་རྡུལ་གྱི་ཡོལ་བ་འཕྱར་ནས་སྨྱོ་ལ་ཁད། བལྟས་ངན་པ་འཛོམས་པའི་ཉིན་མ་འདི་འདྲ་ཞིག་ལ་ངེད་ཚང་གི་གྱི་ལིང་གཡང་ནས་ལྷུང་བ་ཡིན་ནམ་ཡང་ན་བཤས་རར་སླེབས་པ་ཡིན།  གང་ལྟར་མེད་སོང་། འདི་ལྟར་མེད་སོང་།

སྡིག་ཆེན་ཕ་མ་རྨོངས་པས་བཟི་བའི་ཉིན་མོ་འདིར།

བྱམས་ལྡན་ཕ་མ་རྒྱུ་འབྲས་རྣོག་པའི་ཉིན་མོ་འདིར།

དད་ལྡན་ཕ་མ་སྙིང་རྗེ་བྲལ་བའི་ཉིན་མོ་འདིར།

      རྒས་རྟགས་དང་སྒལ་རྨས་ཁེངས་པའི་ངེད་ཚང་གི་གྱི་ལིང་། མྱ་ངན་གྱི་བཏུམས་པའི་སེམས་པ་ཧྲུག་ཧྲུག་དེ་འཁྱེར་ནས་སྐྱ་ཐེར་ཐེར་གྱི་རི་ཀླུང་འཁོར་གྱིས་བཅད་ནས་ཆེས་མཐའ་མའི་དུར་ཁུང་དེར་ཕྱོགས་ནས་དེད་སོང་། གྱི་ལིང་ལགས། ཁྱོད་གང་དུ་སླེབས་སོང་། ངེད་ཚང་གི་གྱི་ལིང་། ངས་ཁྱོད་རང་དྲན་དུས་ང་ངོ་མ་ངུ་ན་འདོད།  དབང་ཆོད་ཀྱི་བཤན་གྲི་གྲང་མོ་རུམ་ལ་བརྡར་ཞིང་བདག་པོས་བཙན་ཁ་ཡིས་ལུས་ཀྱི་སྟོད་སྨད་ཁྲག་གིས་བརླན་ཡོང་དུས་ངས་ངོ་མ་ཁྱོད་ཀྱི་གདོང་རིས་ལ་ཕུར་ཕུར་ཙམ་ཡང་བཏང་མ་ཐུབ་པར་སྐྱོ་གདུང་གི་མཆི་མ་དམར་པོ་འགྲམ་རིང་ལ་དོན་དུ་བཅུག་པ་རེད། ཁྱོད་བདེ་བར་སྨོན།   གཅིག་བྱས་ན་འདི་ལྟར་ཡིན་སྲིད་ཀྱི་མ་རེད།   ཁྱོད་རང་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སླེབས་ཡོད་ཤག་རེད།  འདི་རུ་རྨོས་འདེབས་ཀྱི་ངལ་བ་དྲུད་ནས་འགྲོ་དགོས་རུང་། ཁྱོད་རང་ལྔ་ལམ་དུ་ལྷུང་མེད་ན་འགྲིག་སོང་།

ཁྱོད་ཀྱིས་ཡིན་གཅིག་མིན་གཉིས་ངའི་ཨ་ཕར་དགོངས་བཞེས་གནང་རོགས་མཁྱེན། འདི་ནི་འཚོ་བའི་རྒྱུན་མཐུད་གཅིག་གི་དོན་དུ་ཡིན་སྲིད་པས།  ཨ་ཕའི་ཉེས་པ་བུ་ངས་ཁུར་རྒྱུ་ཡིན། གང་ལྟར་ཁྱོད་རང་བདེ་བར་སྨོན།

ཁྱོད་མེད་པ་ནས་བཟུང་། ཁྲ་སྐྱིད་དང་གངས་ཕྲུག་ཡང་མེད་སོང་ལ་ཁྲ་ཆེན་དང་ཁྲ་ཆུང་ཡང་མེད་སོང་། ང་གསོན་པོར་གནས་པ་ཙམ་ལས་དབྱངས་རྟ་ཡང་མེད།    ཆར་པ་དང་རླུང་བུའི་བར་དུ་ཁྱོད་ཀྱི་དྲིལ་བུ་ཆུང་ཆུང་འདི་ནི་ད་ལྟ་ཡང་སྐད་གསལ་ལ་སྙན་པ་དེ་རང་རེད།

      ཡོབ་ཆེན་དང་གློ། སྲབ་དང་སྲབ་ཐག  ད་དུང་རྟ་སྒ་དང་གོང་ཐག  འདི་ཚོ་ལས་ཁྱོད་ཀྱི་རྨེད་དེ་ལྷག་ཏུ་རྙིང་ཞིང་ཧྲུལ་བ་རེད། དེ་དག་བཙོང་ཡང་ཉོ་མཁན་མེད་པས། ཉར་ནས་སྡོད་རྒྱུ་ནི་ཁྱོད་དྲན་པའི་ཐབས་ལམ་ཡག་ཤོས་ཤིག་རེད་ཡ།།  


  • ལེ་ཚན་སྔོན་མ།:དགེ་རྒན་ལགས།ཁྱེད་ནི་བསྟོད་འོས་ཁྱེད་ནི་བསྔགས་འོས་སོ།
  • ལེ་ཚན་རྗེས་མ།:ཁང་རྙིང་དང་རླུང་འཚུབ།