བོད་ཀྱི་གྲུ་དང་གཟིངས་བཟོ་ཐབས།

དཀོན་མཆོག་བསྟན་འཛིན་དང་འཕྲིན་ལས་རྒྱལ་མཚན།        2017-09-21

བོད་ཀྱི་གྲུ་དང་གཟིངས་བཟོ་ཐབས།

    གྲུ་དང་གཟིངས་ནི།  བསམ་ཡས་ཀྱི་ལྡེབས་རིས་སོགས་ལས་བྱུང་བར་བརྟགས་ན། ཆེས་སྔ་མོ་ཞིག་ནས་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ། ཡར་ཀླུང་གཙང་པོ་སོགས་ཆུ་བོ་ཆེན་པོའི་ཁར་གནས་པའི་བོད་ཁུལ་ལ་ཕན་པ་ཆེ་བའི་འགྲིམ་འགྲུལ་གྱི་སྤྱོད་ཆས་ཤིག་ཏུ་སྣང་ལ། གྲུའི་རྒྱུ་ཆ་ལ། ཤིང་ལས་བཟོས་པའི་གྲུ་དང་། ཀོ་བ་ལས་བཟོས་པའི་གྲུ། ཤིང་སྡོང་ཕྲ་བ་ལས་བཟོས་པའི་གཟིངས། གྲུ་ཤན་ཞེས་ཆུ་བོ་ཆེན་པོར་གཏོང་བྱེད་ཀྱི་གྲུ་ཆེན་རིགས་བཅས་དུ་མ་ཞིག་ཡོད།

      ཤིང་གྲུ་ཆེ་བའི་རིགས་ལ་གྲུ་ཤན་རྟ་མགོ་མ་ཞེས། དེའང་སྔ་རྗེས་བར་གསུམ་དུ་དབྱིབས་མི་འདྲ་བ་གསུམ་བྱུང་བར་བཤད་དེ། དང་པོར་དབྱིབས་གྲུ་བཞིའི་མདུན་ངོས་སུ་ཤིང་ལས་བརྐོས་པའི་རྟ་མགོ་ཆེན་པོ་ཁ་མདུན་དུ་ཕྱོགས་པ། རྟ་མགོ་ལ་རླུང་རྟ་དང་ཁ་བཏགས་སོགས་ཀྱིས་བརྒྱན་པ། གྲུ་ཁོག་ཤིང་སྡོང་གྲུ་བཞིར་གཞོག་པ་བཞི་ལིང་ཤིང་ཤ་སྟག་ལས་གྲུབ་པ། མཐའ་བཞིར་གྱེན་དུ་བསླངས་པའི་ཤིང་བཞི་ལིང་གི་ར་བ་དང་བཅས་པ། ར་བའི་ཕྱི་ནང་དུ་ལྕགས་ལེབ་ལས་བཟོས་པའི་གཡུང་དྲུང་དང་། རྡོ་རྗེ། སེང་གེ   རྟ་མཆོག  གླང་ཆེན་སོགས་བརྟན་ཅིང་འགྱུར་བ་མེད་པ་དང་། མགྱོགས་པའི་ཤུགས་དང་ལུས་གྱི་རྩལ་དང་སྟོབས་ལ་སོགས་མཚོན་བྱེད་ཀྱི་བཀྲ་ཤིས་རྟེན་འབྲེལ་རི་མོས་རྒྱན་སྤྲས་པ། ལོགས་ཀྱི་རྒྱབ་ཕྱོགས་འགྲུལ་པ་བཞུད་པའི་སྒོ་ཆུང་ཡོད་པ། གྲུ་འཇུག་ཏུ་སྟེགས་བུ་འཕྲེད་དུ་བཀོད་པའི་སྟེང་གྲུ་པ་ཤེད་ཆེན་གཉིས་ཀྱིས་སྐྱ་བ་བཟུང་ནས་གྲུ་གཏོང་བའོ།།

བོད་ཀྱི་གྲུ་དང་གཟིངས་བཟོ་ཐབས།

     དེ་ནས་གོང་གི་གྲུ་དེ་དབྱིབས་གྲུ་བཞི་ཡིན་པའི་རྐྱེན་གྱིས་གྲུ་མགོས་ཆུ་གཤག་རྒྱ་ཆེ་སྟབས་ཆུར་བགྲོད་པ་དལ་བ་དང་། ཁ་སྐོར་མི་བདེ་བ། ཆུའི་ཤུགས་ཀྱིས་སྒྲིབ་ཆེ་བ་བཅས་ཀྱིས་ལེགས་བཅོས་ལན་གཅིག་བཏང་སྟེ། རྒྱུ་དང་བཀོད་པ་གོང་དང་ཕྱོགས་མཚུངས་ལ་དབྱིབས་གྲུ་བཞི་ནར་མོ་ཅན་དུ་བསྒྱུར་ཞིང་རླུང་གཡོར་དུ་ཤིང་གི་རྒྱབ་ཡོལ་མཐོན་པོ་སྤྲས། གྲུ་པའི་སྟེགས་བུ་དེ་གྲུ་མགོའི་ཕྱོགས་གཉིས་སུ་སྤོས། འགྲུལ་སྒོ་མདུན་གཡོན་ལོགས་སུ་བཀོད་ལ་མི་སུམ་ཅུ་ཙམ་རེ་ཤོང་བའི་གྲུ་ཤན་གྱི་དཔེ་དབྱིབས་གཉིས་པ་དེ་བྱུང་།

     དེ་ནས་ཡང་གྲུ་ཤན་ཡུན་རིང་བཏང་བའི་ཉམས་མྱོང་ལས། གྲུ་གོང་གི་གྲུ་ཤན་འདི་སྔ་མ་དང་བསྡུར་ན་ལེགས་ཙམ་སྣང་ཡང་། ད་རུང་གྲུ་མགོ་ལེབ་མོ་དེས་ཆུ་གཤག་རྒྱ་ཆེ་བས་གཏོང་དཀའ་བ་སོགས་ཀྱི་སྐྱོན་ཡང་ཡང་བཅོས་ཏེ། གྲུ་མགོ་ཟུར་གསུམ་སྦོ་ཅུང་ཟད་ཞུམ་པ། གྲུ་རྐུབ་ཅུང་ཟད་མཐོ་ལ་དཀྱུས་ཨེན་ཙམ་དམའ་བ་གྲུ་དབྱིབས་ནར་མོ་ཅན་དུ་བཅོས་ཤིང་། གྲུ་ཁ་བསྐོར་བདེ་བ་དང་གཏོང་ཤུགས་ཀྱི་འགྲོ་མགྱོགས་ཆེད་གྲུ་པ་མདུན་གྱི་ལོགས་གཉིས་དང་གྲུ་རྟིང་གཅིག་བཅས་མི་གསུམ་རེས་གཏོང་ཆོག་པར་བཅོས་པས། བཀོད་པ་གྲུ་གཏོང་བའི་སྤྱོད་སྒོ་དང་མཐུན་ཞིང་དབྱིབས་མིག་ལ་མཛེས་པས་ཀུན་གྱིས་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་ཏོ།།

བོད་ཀྱི་གྲུ་དང་གཟིངས་བཟོ་ཐབས།

      གྲུ་ཤན་རྟ་མགོ་མ་ནི། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལས་ཅང་ཤེས་རྟ་མཆོག་གི་བཤད་པ་ལྟར། དེར་བཞུད་འགྲུལ་པ་ཐམས་ཅད་གང་བགྲོད་པར་འདོད་པའི་ཡུལ་དེར་ཚེགས་མེད་དུ་འབྱོར་བའི་རྟེན་འབྲེལ་དང་། དེ་ལ་རླུང་རྟ་བཏགས་པ་ནི། གྲུ་པ་འགྲུལ་པ་དང་བཅས་རླུང་རྟ་དར་ཞིང་རྒྱས་པ་དང་། གྲུའི་ལོགས་སུ་གཡུང་དྲུང་དང་རྡོ་རྗེ་སོགས་བཀོད་པ་ནི། ཐམས་ཅད་ཀྱི་ཚེ་སྲོག་རྡོ་རྗེ་ལྟ་བུ་སྲ་ཞིང་འཚེ་མེད་རབ་ཏུ་བརྟན་པའི་རྟེན་འབྲེལ་བཅས་མཚོན་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འགྲུལ་ཆས་ཤིག་གོ།

བོད་ཀྱི་གྲུ་དང་གཟིངས་བཟོ་ཐབས།

      ཆུ་བོ་འབྲིང་པོའི་རིགས་སུ་སྤྱོད་པའི་ཤིང་གི་སྡོང་གྲུ་ཞེས་གྲགས་པ་ནི། ཤིང་སྡོང་ཤིན་ཏུ་སྦོམ་པོ་གཅིག་གམ་ཡང་ན་གཉིས་མཉམ་དུ་བཅིངས་པ་དེ་བར་སྟོང་གཞོང་པ་ལྟ་བུར་བརྐོས་ནས་བཟོས་པའི་ཤིང་གྲུ་སྟབས་བདེ་ཞིག་ཡིན།

       གཟིངས་ནི། ཤིང་སྡོང་སྦོམ་ཕྲ་མཐོ་གང་ཡས་མས་ཡོད་པ་མང་པོ་གཤིབ་ནས་ཤིང་གཟེར་བརྒྱབ་ཅིང་བསྒྲོགས་ནས་བཟོས་པའི་དབྱིབས་གྲུ་གསུམ་ལེབ་མོ། དཀྱིལ་དུ་ཀ་བ་འདོམ་གང་ལྷག་ཙམ་བཙུགས་པ་ཞིག་སྟེ། གཟིངས་དང་གྲུ་གཉིས་ཀྱི་ཁྱད་པར། གྲུའི་ནང་ཆུ་ལུད་ན་གྲུ་ཆུང་བྱིང་ཉེན་ཆེ་བས་ཤིན་ཏུ་གཟབ་དགོས་ལ། གཟིངས་ནི་དེ་ལས་ལྡོག་སྟེ། དབྱིབས་ལེབ་མོ་བར་གསེང་ཅན་ཏེ། ཤིང་སྡོང་བཅིངས་འཚམས་ཀྱི་བར་གསེང་ནས་སྟེང་དུ་ཆུ་བཞུར་ཡང་རང་སར་མར་འགྲོ་བའི་ཉེན་ཁ་མེད་ལ། མི་འགའ་ཞིག་ལས་མི་ཤོང་ཞིང་འགྲུལ་པ་ཀུན་ལངས་ནས་འགྲོ་དགོས་པ་ཞིག་གོ།

བོད་ཀྱི་གྲུ་དང་གཟིངས་བཟོ་ཐབས།

      ཀོ་གྲུ་ནི། ཀོ་བ་ཆེ་ལ་བཟང་བ་རློན་པ་དེ་ཆུར་སྦང་ནས་སྤུ་བྱིན་གཙང་མ་བྱས། གྲུའི་དབྱིབས་དང་ཆེ་ཆུང་གང་འདོད་པའི་ཤིང་གི་རུ་ཤིང་བཅིངས་པའི་སྟེང་ཀོ་རློན་གྱིས་གཡོགས་པ་དེ། དབྱིབས་བཅོས་ཞོར་དུ་རྒྱུན་བུའམ་ཡང་ན་རྒྱུས་སྐུད་ཀྱིས་ཁ་ཤིང་ལ་ལེགས་པར་དྲུབ་སྟེ་སྐམ་དུ་བཅུག   ཀོ་གྲུ་སྐམ་ཐག་ཆོད་མཐར་ཕྱི་ནས་མར་གྱི་སྣུམ་བྱུག་བྱེད། ཁ་ཤིང་ཕྱོགས་གཉིས་ལ་རྒྱབ་ཏུ་ཁུར་བྱེད་ཀྱི་འབྲེང་པ་བཏགས། འབྲེང་སྣེར་སྐྱ་བ་གཉིས་གཡས་གཡོན་བཏགས་ནས་གྲུབ་ལ། དེའི་ལྗིད་ཚད་རྒྱ་མ་ལྔ་བཅུ་ཡས་མས་ལས་མེད་པས་མི་གཅིག་གིས་ཁུར་ཐུབ་པ་དང་། འགྲུལ་པ་མི་དྲུག་བདུན་ཙམ་རེ་ཤོང་བའི་ཤིན་ཏུ་སྤྱོད་བདེ་ཞིག་ཡིན་ལ། ཅ་ལག་བང་ཆེ་ཞིང་ལྗིད་ཚད་ཆེ་བ་འདྲེན་དགོས་ན་ཀོ་གྲུ་གཉིས་སམ་བཞི་སོགས་གང་དགོས་ཐག་པས་སྒྲོག་ནས་མཉམ་འདྲེན་བྱེད་ཆོག་མོད། དེའི་དབྱིབས་ལ་གཉིས་ཏེ། སྒོར་མོ་ཕོར་པ་རྐུབ་སྟེགས་མེད་པ་དང་འདྲ་བ་ཞིག་དང་། ལྷམ་མགོ་འདྲ་བ་གཉིས་ལ། ཕོར་དབྱིབས་ཅན་དེའི་ཁ་སྒོར་མོ་ཡིན་པ་ཁ་ཤིང་ཤུག་པ་དང་སྦ་སོགས་ལས་བྱས་ཤིང་། ལྷམ་མགོའི་དབྱིབས་ཅན་ལ་ཁ་ཤིང་བཞི་དགོས་པའོ། །


  • ལེ་ཚན་སྔོན་མ།:ཀརྨ་རྒྱུད་ཀྱི་ལྷ་སྐུ་རྡུང་བཟོའི་ལག་རྩལ།
  • ལེ་ཚན་རྗེས་མ།:བོད་ཀྱི་འཁོར་ལོའི་རིགས།
  • དོ་སྣང་ཆེ་བའི་རྩོམ།