བོད་ཀྱི་གསོ་རིག་ལས་དོན་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་མཁན་ཆེན་ཁྲོ་རུ་ཚེ་རྣམ་གྱི་རྣམ་ཐར་བསྡུས་པ།

དཔལ་ཐར་རྒྱལ་གྱིས་བསྡུས།        2017-09-20

ཁྲོ་རུ་མཁན་ཆེན་ཚེ་རྣམ་རིན་པོ་ཆེ་ནི་སྔར་སྡེ་དགེའི་མངའ་ཁོངས། དེང་སང་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གཏེར་སྟོན་ཆུས་ཁྲོ་རུ་དགོན་གྱི་འདབས་ཞོལ་ཁྲོ་རུ་སྡེ་བར་ཉ་འཚོའི་རུས་ལས་ཡབ་རིན་ཆེན་བསམ་གྲུབ་དང་། ཡུམ་བཀྲ་ཤིས་སྒྲོལ་མ་གཉིས་ཀྱི་སྲས་སུ་བོད་ཀྱི་རབ་བྱུང15པའི་མེ་ཕོ་སྟག(སྤྱི་ལོ1926)ལོའི་བོད་ཟླ8པའི་ཚེས6ཉིན་སྐུ་འཁྲུངས།  མཚན་ལ་ཚེ་རིང་རྣམ་རྒྱལ་ཞེས་བཏགས། སྐུ་ཆུང་དུས་ནས་སི་ཏུ་པངྨ་དབང་མཆོག་རྒྱལ་པོ་ལ་གཙུག་ཕུད་ཕུལ།  དགུང་ལོ5ལ་ཕེབས་དུས་ཉིད་ཀྱི་ཁུ་བོ་དགོན་དེའི་མཁན་པོ་དང་སྒྲུབ་དཔོན་གཅིག་ལྕོགས་ཨ་ཚེ་དཔལ་ལྡན་གྱི་མདུན་ནས་ཡི་གེ་ཀློག་འདོན་བསླབས་པས་སྔོན་གྱི་བག་ཆགས་སད་པའི་སྟོབས་ཀྱིས་ཚེགས་མེད་དུ་མཁྱེན།    དགུང་ལོ་དྲུག་གི་ཐོག་ཁྲོ་རུ་དགོན་དུ་སྒྲིག་ཞུགས་མཛད། དགུང་ལོ་བདུན་གྱི་སྟེང་དཔལ་སྤུངས་སི་ཏུ་པངྨ་དབང་མཆོག་རྒྱལ་པོའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ཀརྨ་བསོད་ནམས་དགེ་ལེགས་ཞེས་གནང་། ལྗགས་ཀློག་ཤིན་ཏུ་བདེ་བས་བྱིས་པའི་དུས་ནས་ཉེ་སྐོར་གྱི་གྲོང་མིའི་སར་འབུམ་འདོན་པར་ཕེབས་ཐུབ་ཀྱི་ཡོད་པ་རེད།  རྒྱལ་སྲས་ཉི་མ་སྐྱེས་ཐོབ་ཀྱི། །ཡོན་ཏན་འོད་ཟེར་བྱེ་བ་ཅན། །མངལ་རྒྱའི་སྤྲིན་རུམ་ལས་ཐོན་ཏེ། །སྐྱེ་རྒུའི་དད་པའི་མཁའ་ལ་མཛེས། །ཁོང་གིས་ཕྱི་རབས་གདུལ་བྱའི་དོན་དུ་བསྟན་བཅོས་མཛད་པ་ནི། 1959ལོར་དབྱངས་ཅན་སྒྲ་མདོའི་འགྲེལ་པ་ཚིག་དོན་གསལ་བྱེད།  ཙནྡྲ་པའི་དེ་ཕན་ལ་ཉེ་བར་མཁོ་བ་བྱིས་པ་དགའ་བའི་རྒྱན། ཙནྡྲ་པའི་བསྡུ་བའི་དཔེར་བརྗོད་རྒྱུགས་ཆེ་བའི་མདོ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ནག་པོ་འགྲོ་ཤེས་ཞེས་པ་དང་། སུམ་རྟགས་ཀྱི་འགྲེལ་པ། སྙན་ངག་ལེའུ་བར་ཐ་གཉིས་ཀྱི་དཔེར་བརྗོད་སོགས་མཛད་ཡོད་ཀྱང་། སྒྲ་འགྲེལ་མ་གཏོགས་གཞན་རྣམས་དུས་འགྱུར་སྐབས་བོར་བརླག་ཏུ་སོང་། 1978ལོར་ཕག་ལས་ཀྱི་བར་གསེང་དུ་བརྩམས་གནང་བ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་རིལ་བུ་ཁག་གི་ལག་ལེན་ཟིན་བྲིས་ཟླ་བའི་འོད་ཟེར། སྔར་རྩོམ་སྒྲ་འགྲེལ་ལ་བསྐྱར་དུ་འཕྲི་སྣོན་མཛད་པའི་དབྱངས་ཅན་སྒྲ་མདོའི་འགྲེལ་པ། ཙནྡྲ་པའི་ཨུ་ཎའི་འགྲེལ་པ། སྨན་རྩིས་གཉིས་ནམ་ཡང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ཞེས་པ་དང་།  གསོ་རིག་གཞུང་ལས་ལུས་ནད་གཉེན་པོ་བདག་ཉིད་གཅིག་ཏུ་འབྲེལ་བའི་སྐོར། བོད་ལུགས་སྟབས་བདེའི་སྨན་བཅོས་བྱ་ཐབས་འགའ་ཞིག   རླུང་ཁྲག་འཕེལ་འཁྲུགས་ཀྱི་ངོ་བོ་ངོས་འཛིན་དང་དེའི་བཅོས་ཐབས་སྐོར་ཆེ་ལོང་ཙམ་བརྗོད་པ། གནམ་རིག་སྐར་རྩིས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ། རྩ་དང་རླུང་གི་རིགས་རགས་ཙམ་བརྗོད་པ།  སྔོ་ཡི་བུ་མོ་སྤུན་བདུན་གྱི་རྟོགས་པ་བརྗོད་པ། སྨན་འཐུ་སྒྲུབ་དང་བདག་ཉར་བྱ་ཐབས་སྐོར་གྱི་རྒྱུན་ཤེས་མེས་པོའི་དགའ་སྟོན་ཞེས་པ།  རྒྱལ་སྲས་ལག་ལེན་གྱི་འགྲེལ་པ་བྱང་ཆུབ་སྒྲུབ་པའི་ས་བོན། དཀོན་མཆོག་རྗེས་དྲན་དང་ལམ་སྒྲོན་གྱི་འགྲེལ་པ། སྔ་འགྱུར་རྙིང་མའི་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་མདོ་ཙམ་བརྗོད་པ་ཚེས་པའི་ཟླ་བ་ཞེས་པ་དང་།  བཀའ་བརྒྱུད་ཀྱི་གྲུབ་པའི་མཐའ་རྣམ་པར་ངེས་པར་བྱེད་པ་མདོར་བསྡུས་སུ་བརྗོད་པ་དྭགས་བརྒྱུད་གྲུབ་པའི་མེ་ལོང་ཞེས་པ། རི་བོ་རྩེ་ལྔའི་རྟོགས་པ་བརྗོད་པ། ནན་ཧེ་པོ་ཏ་ལའི་རྟོགས་པ་བརྗོད་པ་སོགས་གསུང་རྩོམ་པོད་བཅོ་ལྔ་ཙམ་བཞུགས་པ་ཐམས་ཅད་དོན་ལ་མཁས་པས་བརྟགས་ཀྱང་དགག་བྱ་བྲལ་ཞིང་།  ཚིག་སྦྱོར་བླུན་པོས་ཀློག་ཀྱང་གོ་བར་སླ་བའི་ཁྱད་ཆོས་དང་ལྡན་པ་ཤ་སྟག་ཡིན་ཞིང་། ཁྱད་པར་རྒྱུད་བཞིའི་འགྲེལ་ཆེན་ནི་ངོ་སྤྲོད་ཟུར་དུ་འཁོད་པ་ལྟར་འདས་པའི་ལོ་གྲངས300ནང་ཚུན་དུ་བྱུང་བའི་རྒྱུད་འགྲེལ་ཐམས་ཅད་ཀྱི་ནང་ནས་རྒྱས་ཤོས་དང་གསལ་ཤོས་ཡིན་ཞིང་།  སྔ་འགྲེལ་རྣམས་ཀྱི་ལེགས་བཤད་སྙིང་པོ་བསྡུས་པའི་ཁར་མཁས་དབང་རང་གི་རྣམ་དཔྱོད་ཀྱིས་རྩལ་བཤད་གནང་བའི་རྒྱུད་དགོངས་འགྲེལ་ཚུལ་ཁྱད་པར་འཕགས་པའི་ལེགས་བཤད་དུ་མ་བཞུགས་པ་དང་། བར་སྐབས་སུ་རྒྱུད་ཚིག་ཆད་པ་དང་། ས་བཅད་འཁྲུགས་པ། ཡི་གེ་པ་དང་།  ཞུ་དག་མཁན་གྱི་དཔྱད་པས་མ་ཁྱབ་པའི་ལྷག་ཆད་ནོར་འཁྲུལ་མ་དག་རྒྱུན་འབྱམས་སུ་སོང་བ་དུ་མ་རྒྱུ་མཚན་དང་བཅས་ཏེ་ནོར་བཅོས་མཛད་ནས་ལུང་དང་རིགས་པའི་དཔྱད་བཟོད་དུ་བསྒྲུབས་པ་ནི་བློ་གསལ་དོན་གཉེར་ཅན་རྣམས་ལ་རྒྱུད་དོན་ཟབ་མོ་འཁྲུལ་མེད་དུ་སྟོན་པའི་ལེགས་བཤད་ཀྱི་དགའ་སྟོན་རྨད་དུ་བྱུང་བ་ལགས་སོ། ། སྡེབ་ལེགས་ཚིག་གི་ཆ་རེར་ཡང་། །ཟབ་རྒྱས་ལེགས་བཤད་དོན་མང་སྡུད། །ངོ་མཚར་རྩོམ་རིག་སྒྱུ་རྩལ་གྱིས། །དཔྱོད་ལྡན་ཡིད་འཕྲོག་སྨྲ་བའི་རྒྱན། །ནད་པར་བརྟག་བཅོས་མཛད་པ་ནི།  སྤྱིར་སྨན་པའི་ཕྱག་ལས་གནང་བ་ནས་བཟུང་ནད་པ་རིས་མེད་ཀྱི་དོན་མཛད་ཅིང་ཁྱད་པར་ལས་མི་རུ་ཁག་གི་སྨན་པ་གནང་སྟེ། སྐབས་འགར་ལོ་རེར་ནད་པ་སྟོང་ཕྲག་མང་པོ་ལ་སྨན་བཅོས་མཛད།  རྗེས་སུ་ལྷ་སར་གདན་དྲངས་ནས་བཞུགས་དུས་རྒྱུན་དུ་གཞུང་ལས་ཀྱི་བར་གསེང་ཡོད་ཚད་ལ་གཟིམས་ཤག་ཏུ་ནད་པར་རྩ་ཆུ་གཟིགས་རྒྱུ། སྨན་གནང་རྒྱུ།  ཁྲག་གཏར་རྒྱུ། མེ་བཙའ་འདེབས་རྒྱུ། རྭ་འཇིབ། མེ་བུམ་རྒྱག་པ། བཤལ་གཏོང་བ་སོགས་ཀྱིས་ལོ་ལྟར་ལས་ཞོར་རྐྱང་པར་གཟིགས་པའི་ནད་པ་མི་གྲངས་སྟོང་ཕྲག་གཉིས་ཡན་ཟིན་གྱི་ཡོད། 

མདོར་ན་གཟིམས་ཤག་ཏུ་བཞུགས་ཕྱིན་ཉིན་ལྟར་ཞོགས་པ་ནམ་ལངས་ནས་མཚན་མོ་ཆུ་ཚོད་དུ་མའི་བར་ལ་སློབ་གཉེར་བ་དང་དོས་དྲག་ནད་པས་གཟིམས་ཤག་  ཁེངས་ནས་སྐུའི་ངལ་གསོ་གཏན་ནས་མེད་རྐྱེན་དུས་རྟག་ཏུ་སྤྱན་དམར་རྐྱང་ཆགས་པ་དང་། སྐབས་རེར་གསོལ་ཆས་ཀྱང་བཞེས་ཁོམ་མེད་པ་ནི་ཡང་ཡང་སྐུ་མདུན་དུ་བཅར་མཁན་ཚོས་ཤེས་ཀྱི་ཡོད། དེ་ལྟར་རྒྱུན་དུ་ནད་པའི་ལས་དོན་ལ་ཁྲལ་མངོན་སླ་བཅོས་གཏན་ནས་མི་མཛད་པར་ནད་པ་མཆོག་དམན་ཐམས་ཅད་ལ་བྱམས་བརྩེ་ཆེན་པོས་   བལྟ་རེག་དྲི་བས་ནད་ངོས་བཟུང་ནས། སྨན་གསར་བཟོ་དང་། ཁ་ཚར་རྒྱག་པ།  འཇམ་རྩུབ་དཔྱད་བཅོས་སྣ་ཚོགས་ལ་བརྟེན་ནས་བཅོས་དཀའ་བའི་ནད་པ་མཁྲིས་པའི་རྡོ་སྐྲན་ཅན་དང་། བརྒྱལ་གཟེར་འགྱེལ་ནད་ཅན་སོགས་སེང་དྲག་སོང་བ་མང་པོ་ཡོད།   བཅོས་བརྡུགས་ནད་པ་འཆི་ཁ་མ་སྲོག་སྐྱོབ་གནང་བ་དཔེར་ན་ལྷ་ས་གྲོང་ཁྱེར་ཡན་ལག་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་བསོད་ནམས་རིན་ཆེན་ལ་མཆིན་པའི་ནད་  གཞི་ཧ་ཅང་ཚབས་ཆེན་ཕོག་ནས་ཁྲེང་ཏུའུ་དམག་ཁུལ་སྨན་ཁང་ཆེན་མོ་ཞིག་གིས་    བརྟག་བཅོས་ཡང་ཡང་བྱས་རྗེས། ཉིན་བཅུ་ཕན་ཆད་མི་གསོན་ཞེས་ཤི་བརྡ་བཏང་། ནད་གཡོག་རྣམས་ཀྱིས་བྱེད་ཐབས་ཟད་དེ་ནད་པ་ལྷ་སར་བསྐྱལ་བ།  དེ་སྐབས་ནད་པ་ནད་ཚབས་ཤིན་ཏུ་ཆེ་བ་གསོན་རེ་ཡོད་པ་ཞིག་མིན་ཡང་། ནང་མི་རྣམས་ཀྱིས་ནད་པའི་སེམས་ཁྱད་དང་འགྱོད་མེད་ཀྱི་བསམ་བློས་མཁས་དབང་འདི་ལ་བསྟན།  ཁོང་གིས་ལག་རྩལ་ཞིབ་ཏུ་བརྟགས་ནས་ད་ཉིན་བཅུ་ལྷག་ཙམ་གསོན་ཐུབ་ན་ཡང་བོད་སྨན་གྱི་ནུས་པ་ཐོན་པ་ཡིན་གསུངས་ནས་སྨན་བཅོས་ངོ་མཚར་ཅན་གནང་བས་ཡུན་རིང་མ་སོང་བར་ནད་པ་ནི་མིག་འཕྲུལ་ལྟར་ཡར་དྲག་སོང་བས། བོད་དམག་ཁུལ་སྤྱི་ཁྱབ་སྨན་ཁང་གི་འགོ་ཁྲིད་དང་སྨན་པ་དུ་མ་དེར་བལྟ་བར་ཡོང་ནས་ཧ་ལས་དགོས་པ་ཞིག་བྱུང་བ་རེད།  རྗེས་སུ་ནད་པ་དེས་ཕྲན་ལ་དེ་དུས་རྒན་ཚེ་རྣམ་རིན་པོ་ཆེ་མེད་ན་ད་ལྟ་ང་གསོན་པོ་ཡོད་པ་མ་རེད་ཅེས་བཤད་བྱུང་།  དེ་བཞིན་ཆབ་མདོའི་ནད་པ་ཚུལ་ཁྲིམས་སྒྲོལ་མ་ནི་མཁལ་མའི་ནད་ཚབས་ཆེན་ཕོག་སྟེ་རྒྱ་ཡུལ་གྱི་སྨན་ཁང་ཆེན་པོ་ཞིག་གིས་སྨན་བཅོས་ཡུན་རིང་བྱས་ཀྱང་ཕན་སྐྱེད་མ་བྱུང་མཐར་སྨན་ཁང་གིས་ཤི་བརྡ་བཏང་ནས་གཤིན་པོའི་རྗེས་གཞུག་བསྒྲུབ་རྒྱུ་མངགས་བ་བྱས་པས། ནད་པ་ལྷ་སར་དྲངས་ཏེ་མཁས་དབང་འདི་ལ་སྨན་བཅོས་གནང་བའི་རེ་བ་ཞུས་པ་ལྟར་བརྟག་བཅོས་གནང་བས་ནད་པ་ཡར་དྲག་སྟེ་ཕ་ཡུལ་དུ་ལོག   ཕ་ཡུལ་བ་རྣམས་ཀྱིས་དེ་གོང་བཅོས་ཐབས་མེད་པའི་གཏམ་ངན་གོ་ཡོད་པས་ཧ་ལས་ཏེ། ཁྱོད་ཤི་ཚར་བ་རེད་ཟེར། ག་དུས་ལངས་པ་ཡིན་ཞེས་མཚར་གཏམ་བྱེད་པ་ཞིག་བྱུང་འདུག  ཁོང་གིས་ནད་པ་བཅོས་པའི་ཉིན་ཐོའི་ནང་འདི་འདྲ་དཔེ་མཚོན་བགྲང་ལས་འདས་པ་ཡོད་ཀྱང་ཐམས་ཅད་འབྲི་བར་མ་ལངས་སོ། །གཞུང་དང་ལག་ལེན་ཀུན་ལ་མཁས། །བྱམས་དང་སྙིང་རྗེས་ནད་པ་སྐྱོང་། །བཅོས་བརྡུགས་བཅོས་ལ་ཁྱད་ཞུགས་པས། །སྨན་པའི་མངོན་བརྗོད་དོན་དང་ལྡན། །སྣ་ཚོགས་ཟུག་རྔུའི་ཚ་གདུང་གིས། །རབ་མནར་ནད་པའི་མགྲོན་ཚོགས་ལ། །སྨན་རྒྱལ་ཁྱེད་ཀྱི་འཚོ་ཐབས་ཀྱི། ། འཕྲིན་ལས་ལྷོ་ཡི་རླུང་བཞིན་བསིལ། །སྨན་སྦྱོར་ཕྱག་ལས་གནང་ཚུལ་ནི། མཁས་དབང་འདི་ཉིད་དུས་རྟག་ཏུ་སྐྱེ་དངོས་དང་། གཏེར་རྫས། སྲོག་ཆགས་བཅས་ལས་བྱུང་བའི་སྨན་རྫས་སྣ་ཚོགས་ངོས་འཛིན་དང་།  འཚོལ་སྒྲུབ་ལས་སྣོན་གྱི་བྱ་བ་ལ་སྐུ་ངལ་འཛེམ་མེད་གནང་མཁན་ཞིག་རེད། དཔེར་ན་སྤོ་མེས་སྨན་ཁང་དུ་བཞུགས་དུས་ཡུལ་དེར་ཡོད་པའི་སྨན་རིགས་སྣ་ཚོགས་བསྡུ་རུབ་གང་ཐུབ་གནང་ཞིང་། ཁྱད་པར་དབྱར་ཁ་ཡར་རིའི་སྒང་གངས་ཀྱི་མཚམས་དང་། དགུན་ཁ་མར་པངྨ་བཀོད་སོགས་ལ་སྨན་འཐོགས་ལ་ཕེབས་ནས་སྨན་འཐུ་སྒྲུབ། སྐམ་གསེད། བརྡུང་རྒྱུ། རིལ་བུ་བསྒྲིལ་རྒྱུ་ཚང་མ་ཁོང་ཉིད་སྐུ་དངོས་ཀྱིས་ཕྱག་ལས་གནང་བ་ལྟ་བུ་རེད།  སྔ་ཕྱིར་ཁ་ཚར་སྣོན་པ་དང་།  བསྡུ་སྦྱོར་མཛད་པ་སོགས་སྨན་རྣམ་གྲངས་མང་པོ་གསར་བཟོ་གནང་མྱོང་ཞིང་།  སྨན་གང་སྦྱོར་ཡང་ངོས་འཛིན་མ་ནོར་བ་དང་། སྨན་རྒྱུའི་སྤུས་ཚད་ལ་དོ་སྣང་། སོ་སོའི་རོ་ནུས་ཞུ་རྗེས་དང་སྡེབ་སྦྱོར་གྱི་ཕན་ནུས་ཚང་མ་མཁྱེན་ཞིང་། བསྡུ་སྦྱོར་གནང་དུས། དུག་འདོན། རྣོ་འདོགས། འདུལ་སྦྱོང་། ཁཎྜ། ཐལ་བསྲེག་སོགས་ལག་ལེན་གང་དགོས་ཚང་མ་ཚད་དང་ལྡན་པར་མཛད་པ་དང་། དུས་ཡུན་རིང་པོའི་ནང་ནད་པ་མང་པོའི་ནད་མི་འདྲ་བར་དབྱེ་ཞིབ་དང་། ནད་སྨན་སྤྲོད་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་རྒྱུ་མཚན་གྱིས་གཞན་ལས་ཁྱད་པར་འཕགས་པའི་ཕན་ནུས་ཐོན་ཡོད་པ་རེད། དཔེར་ན། ཁྲ་མེན་མང་སྦྱོར་ཆེན་མོ་དང་།  དྭངས་བཙོ་བདུད་རྩི་དར་ཡ་ཀན་སོགས་ནད་ཐོག་ལག་ལེན་དངོས་ཀྱི་ནང་ངོ་མཚར་སྐྱེད་པའི་ཕན་འབྲས་ཐོབ་པས། རྒྱ་རིགས། བོད་རིགས། ཕྱི་རྒྱལ་བ་སོགས་ནད་པ་མང་པོས་མཐོང་ཆེན་གྱིས་ཉོ་སྒྲུབ་བྱེད་ཀྱི་ཡོད་པ་རེད། རིན་ཆེན་རིགས་ཀྱི་སྨན་སྦྱོར་ཁྱད་དུ་འཕགས་པ་རཏྣ་བསམ་འཕེལ་དང་། གྲང་སྦྱོར། མང་སྦྱོར་སོགས་རྒྱུན་སྤྱོད་རིན་ཆེན་རིགས་དང་། གཞན་ཡང་དབང་རིལ་རྟ་རི་མ་དང་། དབང་རིལ་ཤེལ་དཀར་མཆོད་རྟེན།  རིན་ཆེན་ཡང་ཟབ་རིལ་བུ་སོགས་ཀྱི་སྨན་རྒྱུ་ངོས་འཛིན་དང་།  དུག་འདོན་ལས་སྣོན།  སྦྱོར་ཚད་སོགས་ལ་ཕྱག་ལེན་མྱོང་གྲུབ་ཡོད་ཅིང་།  རང་ཉིད་ཀྱིས་ནད་པ་བཅོས་པའི་ཉམས་མྱོང་གཞིར་བཟུང་།  རྒྱུད་དང་གཅེས་བཏུས་སོགས་ནས་བདམས་པའི་སྨན་ཟབ། ནད་ཚང་མའི་སྨན་བཅོས་ཚང་ཞིང་། སྨན་རྫས་མང་ཉུང་འཚམས་པ་དང་།  ནུས་པ་མངོན་གསལ་ཆེ་བའི་སྨན་སྦྱོར260ཙམ་གྱི་སྦྱོར་ཚད་གཏན་འཁེལ་གནང་བ་དེང་སྐབས་བོད་སྨན་སློབ་གྲྭ་ཆེན་མོ་སོགས་ཀྱིས་བེད་སྤྱོད་གཏོང་བཞིན་པ་ལགས།  ཁྱད་པར་དངུལ་ཆུ་བཙོ་བཀྲུའི་ལག་ལེན་ཡང་རྩེར་སོན་པ་ནི་ཇི་སྐད་དུ། མ་བཏུལ་ལོག་པའི་དུག་གིས་སྲོག་འབྱིན་ཞིང་། །བཏུལ་ན་འཆི་མེད་སྲོག་གི་དཔལ་སྟེར་བ། །ཞེས་གསུངས་པ་ལྟར་རིན་ཆེན་དངུལ་ཆུ་འདི་ནི་རང་བཞིན་གདུག་ཅིང་རྩུབ་པའི་ཁམས་དང་ལྡན་པས་ལྕི་འབིག་རྩི་ཡི་དུག་རྣམས་བཙོ་བཀྲུའི་ལག་ལེན་ཚད་ལྡན་ གྱིས་འདུལ་སྦྱོང་མ་བྱས་ན་ལུས་སྲོག་ལ་གནོད་པའི་དུག་ཆེན་ཞིག་ཡིན་ཡང་། དེ་ཉིད་གཉེན་པོའི་རྫས་སྦྱོར་དུ་མས་གཡའ་འཕྱི། དུག་འདོན། བཅུད་དུ་འགུགས་པ་རྣམས་ལེགས་པར་གྲུབ་ན་བཅུད་ལེན་ཐམས་ཅད་ཀྱི་རྒྱལ་པོ། བཅོས་བརྡུགས་ནད་ཆེན་མང་པོ་དྲུངས་ནས་འབྱིན་པའི་སྨན་མཆོག་བདུད་རྩི་ལྟ་བུ་ཞིག་ཡིན། ལྗོངས་འདིར་སྔོན་དུས་སུ་བོད་སྨན་མཁས་པ་གྲུབ་ཆེན་ཨོ་རྒྱན་པ་སོགས་དང་། བར་དུ་སི་ཏུ་ཆོས་འབྱུང་དང་།  མཁྱེན་ཀོང་རྣམ་གཉིས། འཇམ་མགོན་མི་ཕམ་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་རེ་ཟུང་གིས་སྟོབས་འབྱོར་མངའ་ཐང་ལྡན་པའི་ཆེ་རྒུ་འགའ་ཞིག་གིས་ཡོན་སྦྱོར་བྱས་ནས་ལན་ཁ་ཡར་ཙམ་ཕྱག་བཞེས་མཛད་པ་ལས།  སྨན་པ་ཕལ་གྱིས་ལག་ལེན་དུ་མི་ཐེབས་པར་དུག་ལྡན་གྱི་སྦྲུལ་ཆེན་ལྟར་འཇིགས་པའི་གནས་སུ་བྱེད་པས་ཕྲ་ཞིབ་ཀྱི་ཕྱག་ལེན་ཉག་ཕྲར་གྱུར་ཏེ་རྒྱུན་ཆད་ཁ་རང་དུ་སྨན་རྒྱལ་འགྲོ་བའི་མགོན་པོ་འདི་ཉིད་ཀྱིས་གཞུང་དང་མན་ངག་དམ་པའི་ཕྱག་ལེན་མཐོང་བརྒྱུད་བཅས་འཁྲུལ་མེད་དུ་སྤེལ་ནས་ཆེས་ཆེར་གསལ་བར་མཛད་པ་ཡིན་ཏེ།  རིག་གསར་དུས་འགྱུར་གྱི་རྗེས1977ལོར་སྤོ་མེས་སུ་བཙོ་ཐལ་  ཐོག་མར་བཟོས་པ་ལེགས་གྲུབ་བྱུང་སྟེ་ཡིད་རྟོན་རུང་བའི་གདེང་ཚོད་རྙེད། དེ་རྗེས1988ལོར་ཁམས་སྡེ་དགེ་བོད་སྨན་ཁང་གིས་གདན་ཞུས་ལྟར་ཕེབས་ནས་དངུལ་ཆུ་བཙོ་བཀྲུ་ཚད་དང་ལྡན་པའི་སྡེབ་སྦྱོར་མཛད་པ་ནས། ད་ལྟ་སྤྱི་ལོ2000ལོའི་བར་ལ།  དཔལ་ཡུལ་མགར་ཐར།  མཚོ་སྔོན་རྨ་ལྷོ་ཁུལ་དང་། མཚོ་ལྷོ་ཁུལ། སྐྱེ་རྒུ་མདོ། ཀན་སུའུ་ཀན་ལྷོ་ཁུལ། ཆབ་མདོ་ས་ཁུལ་དང་། འཇོ་མདའ། བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ་བཅས་སུ་བཙོ་བཀྲུ་ཐེངས་བཅུ་གཉིས་ཙམ་བཟོ་གནང་མཛད་ཅིང་།  ཞིང་ཆེན་དང་ལྗོངས་བཞིའི་སྨན་པ200ལྷག་ལ་དཔེ་མཁྱུད་མེད་པར་ཕྱག་ཁྲིད་གནང་བས་དེའི་ནང་ནས་ལག་ལེན་ལ་མཁས་པའི་སྨན་པ།  མཚོ་སྔོན་སྐུ་འབུམ་དགོན་གྱི་བོད་སྨན་པ་དཀོན་མཆོག་རྒྱལ་མཚན། མཚོ་སྔོན་ཀྲུང་ལུགས་བོད་སྨན་ཚན་ཁག་གི་དགེ་རྒན་ཀླུ་བྱང་རྒྱལ། ཐམ་ག་ངག་དབང་རྒྱ་མཚོ། ཨ་ལགས་སྐལ་བཟང་རིན་ཆེན།  རྫོང་གསར་བློ་གྲོས་ཕུན་ཚོགས། སྤྲུལ་སྐུ་ཀླུ་སྒྲུབ་རྒྱ་མཚོ། མདོ་དགའ་བུ་རྡོ་རྗེ། རྩེད་ཐང་འཇམ་དབྱངས་ལྷུན་གྲུབ། བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོའི་མཁས་དབང་ཉི་མ་ཚེ་རིང་།  ཉིད་ཀྱི་སྐུ་ཚབ་ཁང་སར་བསོད་ནམས་འཆི་མེད་སོགས་སླད་ཕྱིན་ལག་ལེན་ཐེབས་ངེས་ཀྱི་སློབ་མ30ཙམ་བསྐྱེད་བསྲིང་བྱུང་བ་རེད།  དེ་ལྟར་བཙོ་ཐལ་འདུལ་སྦྱོང་ཐེངས་གྲངས་མང་པོ་དེ་ལྟ་བུ་དང་། སྨན་རྫས་ཕོན་ཆེན་དེ་ཙམ་ལས་སྣོན་མཛད་ཀྱང་དཔོན་སློབ་གཅིག་ལ་ཡང་དངུལ་དུག་ཕོག་པས་ན་བ་དང་།  སྨན་རྒྱུ་ཆུད་ཟོས་ཤོར་བ་ཅུང་ཟད་ཀྱང་མེད་པར་ཐམས་ཅད་ཐུགས་བཞེད་ལྟར་ལེགས་གྲུབ་བྱུང་བ་དེ་ལྟ་བུ་ནི་སྔོན་ཆད་དམ་པ་འདི་ཉིད་ལས་བྱོན་མེད་པ་དེ་ནི་གཡུ་ཐོག་སྨན་གྱི་བླ་མའི་ཡེ་ཤེས་གཟིགས་པ་དངོས་སུ་ཞུགས་པའི་འབྲས་རྟགས་ཡང་དག་པར་ངེས་ཤིང་། དེ་དག་ནི་བོད་ཀྱི་གསོ་རིག་ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་བླ་ན་མེད་པའི་ལེ་ཚན་ཞིག་རེད་ལ། བོད་ཀྱི་གསོ་རིག་གི་ཁྱད་ཆོས་མངོན་པར་གསལ་ཞིང་མི་ཉམས་གཏན་དུ་གནས་པའི་མཛད་རྗེས་རིན་ཐང་བྲལ་བ་ཞིག་ཀྱང་རེད།  སྐྱེས་ཚད་སྨན་དུ་བཀོལ་ཤེས་པ། །འཚོ་བྱེད་མཁས་པའི་ཁྱད་ཆོས་ཏེ། ། དུག་ཆེན་བདུད་རྩིར་བསྒྱུར་བ་ལ། །རང་དབང་ཐོབ་འདི་གྲུབ་པའི་རྟགས། །འཕྲིན་ལས་ཁྱབ་གདལ་དུ་སོང་བའི་ཚུལ་ནི།  དེ་ལྟར་མཁས་པའི་གཙུག་རྒྱན་དམ་པ་འདིས་སྐུ་ཚེའི་སྟོད་ལ་ཐོས་བསམ་དང་འཆད་སྤེལ་གཙོ་བོར་མཛད། བར་དུ་དུས་འགྱུར་གྱི་སྐབས་ངལ་རྩོལ་བསྒྱུར་བཀོད་ཀྱི་ལས་འགུལ་ནང་ལས་མི་རུ་ཁག་གི་སྨན་པ་མཛད་ནས་སྨན་གྱི་ཕྱག་ལས་གནང་ཆོག་པ་ནས་བཟུང་ཉམ་ཐག་ནད་པ་བགྲང་ལས་འདས་པའི་ལུས་སེམས་ཀྱི་སྡུག་བསྔལ་སེལ་ཞིང་ཚེ་སྲོག་བསྐྱབས། སྐུ་ཚེའི་སྨད་ལ་རྒྱུད་འཛིན་གསོ་སྐྱོང་། བསྟན་བཅོས་རྩོམ་པ། ནད་པ་བརྟག་བཅོས།  སྨན་རྫས་སྡེབ་སྦྱོར་གྱི་ཕྱག་ལས་བཅས་ཆ་སྙོམས་དུ་བསྒྲུབ་བསྒྲུབས་ཏེ་རང་གིས་གསན་སྦྱངས་གནང་བའི་རིག་གནས་ཐམས་ཅད་ལ་བཤད་སྒྲུབ་ལས་གསུམ་གྱི་ཕྱག་རྗེས་མ་བཞག་པ་མེད་ལ།  ལྷག་པར་སྒྲ་དང་གསོ་བ་རིག་པ་གཉིས་ལ་དེང་དུས་མཁས་པར་གྲགས་པ་དང་།  ཆེན་མོར་རློམ་པ་སུས་ཀྱང་མ་གྲུབ་པའི་མཛད་རྗེས་གཟེངས་སུ་ཐོན་པས་འཛམ་གླིང་རྒྱལ་ཁབ་མང་པོར་མཚན་སྙན་དང་ཕྲིན་ལས་འགྲནཔ་བཞིན་ཁྱབ་གདལ་དུ་གྱུར། དེ་ལྟར་ཕྱོགས་གང་ཅིའི་ཆ་རྐྱེན་བཟང་པོའི་འོག་མཁས་མཆོག་གང་གི་མཁྱེན་ཡོན་སྤྱོད་པའི་གོ་ཡུལ་བྱུང་ཞིང་མཚན་གྱི་གོ་གནས་ བཞེས་པ་ཡང་བོད་ལྗོངས་བོད་སྨན་སློབ་གྲྭ་ཆེན་མོའི་ཡོན་ཀྲང་དང་།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན།  ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། རྒྱལ་ཡོངས་མི་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་པོ་སོགས་གོ་གནས་ཀྱི་མཚན་གྱི་  རྣམ་གྲངས་བཅུ་ཕྲག་ལྷག་དང་། 2000ལོར་རྒྱལ་སྤྱིའི་བོད་ལུགས་གསོ་རིག་རིག་གཞུང་གྲོས་ཚོགས་དེ་བོད་ལུགས་གསོ་རིག་སློབ་ཆེན་དུ་འཚོག་སྐབས། གྲོས་ཚོགས་ཐེངས་དང་པོའི་གཡུ་ཐོག་གསེར་གྱི་བུམ་པའི་བྱ་དགའ་སོགས་སྔ་ཕྱིར་གཟེངས་བསྟོད་དུ་མས་     མངའ་གསོལ་ཕུལ་ཡོད་པ་རེད། མཚན་ཙམ་གྱིས་ཀྱང་གཟི་བྱིན་བསྐྱེད། །ཉེ་བར་བསྟེན་ལ་འདོད་རྒུ་སྩོལ། །ཆེ་རྒུ་ཀུན་གྱིས་གཙུག་གིས་མཆོད། །ཁྱེད་ནི་ནོར་བུ་རིན་ཆེན་འདྲ། །སྨོན་ལམ་སྟོབས་གྲུབ་རྒྱལ་སྲས་ཀྱི། །དུས་བབས་འགྲོ་དོན་འགོག་པ་མེད། །སྤྲིན་ཆེན་ལས་བྱུང་དུས་ཀྱི་ཆར། །སུ་ཞིག་གིས་ནི་གྱེན་དུ་ལྡོག །མདོར་ན་མཁས་དབང་ཉིད་ཀྱིས། སྔོན་མེད་ལེགས་བཤད་གསར་པའི་འཛུམ་དཀར་གྱིས། །སྤུད་པ་མེད་ཀྱང་རིང་ནས་གོམས་པའི་མཐུས། །སྤྲོ་བཞིན་མི་ཚེ་འཕུལ་བའི་ལག་རྗེས་འདི། །རང་རིགས་རིག་གནས་ལ་གཅེས་རྣམ་འགྱུར་ཡིན། །ཞེས་གསུངས་པ་བཞིན་བོད་ཀྱི་རྒྱུན་སྲོལ་རིག་གནས་མཐའ་དག་ཉམས་པ་སོར་ཆུད་དང་།  མི་ཉམས་གོང་འཕེལ་གྱི་སྒོ་ནས་རང་རྒྱལ་གྱི་དཔལ་ཡོན་གཉིས་དར་རྒྱས་ཡོང་ཆེད་དང་།  རྒྱུན་འཛིན་པ་མི་རབས་རྗེས་མ་གསོ་སྐྱོང་བྱ་རྒྱུ་སོགས་ཀྱི་ཐད་ལ་མཁྱེན་ནུས་ཡོད་རྒུ་འདོན་སྤེལ་གྱིས་རང་དཔེ་གཞན་སྟོན་གྱི་མཛད་པ་རླབས་པོ་ཆེ་བསྐྱངས་པ་དང་། སྤྱི་ལོ2004ལོའི་ཟླ10ཚེས19ཉིན་སྐུ་ཡི་འཕེན་པ་རྫོགས། དེ་དུས་དགུང་ལོ76ཡིན། །


  • ལེ་ཚན་སྔོན་མ།:དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས།
  • ལེ་ཚན་རྗེས་མ།:བོད་སྨན་ཆེད་མཁས་པ་བཀྲ་རྒྱལ།