ཆབ་དགོན་བྱམས་པ་གླིང་གི་མེ་ཏོག་མཆོད་པའི་ལག་རྩལ།

དཔལ་ཐར་རྒྱལ་གྱིས་བསྡུས།        2017-09-20

ཆབ་དགོན་བྱམས་པ་གླིང་གི་མེ་ཏོག་མཆོད་པའི་ལག་རྩལ།

མེ་ཏོག་མཆོད་པ་ནི་ཇི་ལྟར་བཞེངས་པ་ཡིན་ཞེ་ན། ཐོག་མར་བཟོ་དབྱིབས་ཆེ་ཆུང་གང་དགོས་ཀྱི་ཤིང་རུས་སྣ་ཚོགས་བཟོས་ནས། མེ་ཏོག་སོགས་ཀྱི་ཡུ་བ་ཤིང་དང་། ལྕགས་སྐུད་བྱས་ཏེ།   དེའི་སྟེང་ལ་འབྲི་མར་སྦྱོར་ལེན་བྱེད་བདེ་བ་ཡོང་བའི་ཆེད་དུ་སོག་མའི་སྐུད་པ་སོགས་དཀྲིས་ཤིང་། འབྲི་མར་ཧ་ཅང་སྲ་མཁྲེགས་ལྡན་པ་ཞིག་ཡོང་ཆེད་ལ་གྲོ་རྩྭ་བསྲེགས་པའི་ཐལ་བ་མར་དང་བསྲེས།  མར་ནག་དེ་ཡིས་བཞེང་བྱ་རྣམས་ཀྱི་དབྱིབས་རགས་ཙམ་བཟོས་རྗེས། དགུན་དུས་ཀྱི་འབྲི་མར་དཀར་པོ་ལོ་མ་ལོན་པ། ལས་སྣོན་བྱེད་ཚེ་འཇམ་ཞིང་མཉེན་ལ་ལག་པས་གང་འདོད་ལྟར་བཟོ་སླ་བའི་ཁྱད་ཆོས་ལྡན་པ།  ཞལ་རས་དང་ཕྱག་སོགས་བཞེངས་ཚེ་མདངས་ཁྱད་པར་བ་ཞིག་ཐོན་པ་དེས་གཙོ་བྱས། འབྲི་མར་མང་ཤོས་ཀྱི་ནང་དུ་དུས་ཡུན་རིང་པོ་བཞག་ཀྱང་མདོག་མི་ཡལ་བའི་རྡོ་ཚོན་དམར་པོ་དང་སེར་པོ། སྔོན་པོ། ལྗང་ཁུ།  ལི་ཁྲི་སོགས་གང་མཁོའི་ཚོན་སྔ་མང་པོ་བསྲེས་ནས་བཞེངས་དགོས། གནའ་བོའི་སྟབས་བདེའི་ལག་ཆ་དང་ལག་པ་ཟུང་ལ་བརྟེན་ནས་ཆེས་གསོན་ཉམས་ལྡན་པའི་ལྷ་སྐུ་དང་མི་སྣ།  རྩྭ་ཐང་། ནོར་ལུག ལྗོན་ཤིང་།  བྱ་བྱེའུ།  རི་བྲག གཅན་གཟན།  ལྡིང་ཁང་།  མེ་ཏོག་སོགས་བཞེངས་པའི་མེ་ཏོག་མཆོད་པ་ལའང་རྣམ་པ་མང་ཞིང་རྒྱ་ཆེ་བ་ཞིག་རེད།

ལོ་རེའི་ཟླ2པའི་ཚེས25སྟེ་བོད་ལུགས་ཀྱི་ཟླ1པོའི་ཚེས15ཉིན་བྱམས་པ་གླིང་དགོན་དུ་མེ་ཏོག་མཆོད་འབུལ་གྱི་ཆོ་ག་སྤེལ་ཞིང་།  ས་གནས་མང་ཚོགས་ཀྱིས་ལག་ལ་ཁ་བཏགས་སོགས་མཆོད་གཤོམ་གྱི་ལྷ་རྫས་བཟུང་སྟེ་མེ་ཏོག་མཆོད་མཇལ་དུ་སླེབས་པ་རེད། འདི་ནི་ཁོ་ཚོས་ལོ་གསར་བའི་ནང་རིགས་དྲུག་སྡུག་བསྔལ་གྱི་རྒྱུ་ལས་བྲལ་ཞིང་བདེ་ལྡན་གྱི་ལམ་ཁ་ཡོང་བར་སྨོན་འདུན་ཞུ་བའི་ཆོ་ག་གལ་ཆེན་ཞིག་ཏུ་བརྩིས་པ་ཡིན།

ཆབ་དགོན་བྱམས་པ་གླིང་གི་མེ་ཏོག་མཆོད་པའི་ལག་རྩལ།

  • ལེ་ཚན་སྔོན་མ།:རྫ་ཆུའི་འགྲམ་རྒྱུད་ཀྱི་ཚྭ་ལྷོའི་ཚྭའི་དབྱེ་བ།
  • ལེ་ཚན་རྗེས་མ།:ཀརྨ་རྒྱུད་ཀྱི་ལྷ་སྐུ་རྡུང་བཟོའི་ལག་རྩལ།
  • དོ་སྣང་ཆེ་བའི་རྩོམ།