བློ་བཟང་གི་སང་ཉིན།

ཅོ་བྱང་སྐར།(ཁྲེང་ཏུའུ)        2017-09-06

སྤྲིན་པ་སྔར་བཞིན་ནམ་མཁའ་ན་དཀར་དཀར་གྱི་ལིང་འདྲ་འདྲ་དང་དཀར་སྔོན་རི་བོ་འདྲ་འདྲ། དཀར་སྐྱ་ཁྲུང་ཁྲུང་འདྲ་འདྲ་དང་དཀར་ལྗང་མེ་ཏོག་འདྲ་འདྲ་ཡིས་ལྷོ་ནས་ནུབ་དང་ནུབ་ནས་བྱང་། བྱང་ནས་ཤར་ཕྱོགས་སུ་རིས་མེད་བག་ཕེབས་པའི་ངང་རྒྱུ་བཞིན་འདུག རྟ་བདུན་དབང་པོས་འོད་སྣང་ཕྲ་མོ་འགྲོ་དྲུག་ཀུན་ལ་ཕངས་སེམས་མེད་པར་བསྩལ། རྩྭ་དང་རྩི་ཤིང་། བྱ་བྱིའུ་འབའ་འབུ། རི་ངོས་སུ་དལ་གྱིས་རྩྭ་ལྗང་ལ་རོལ་བའི་རྟ་ནོར་ལུག  ཆུ་འགྲམ་ན་རྩེད་མོར་རོལ་བའི་བྱིས་པ་སོགས་འཇིག་རྟེན་ཁམས་ཀྱི་ཡོད་ཚད་ཀྱི་ཡོད་ཚད་ནི་དེ་འདྲའི་སྙིང་ལ་སྡུག་པ་དང་དེ་འདྲའི་མཛེས་ཤིང་ཡིད་དུ་འོང་བ། དེ་འདྲའི་སྐྱེས་སྟོབས་ཀྱི་དཔལ་འབར་བ་ཞིག་རེད་ཨང་། དེ་ནི་དབྱར་ཟླ་དྲུག་པའི་དྲོད་ཁོལ་ས་གཞི་ཆེན་མོར་སླེབས་ནས་ཡོད་ཚད་ཀྱི་ཡོད་ཚད་ལ་རེ་བ་དང་སྙིང་སྟོབས། གསོན་ཤུགས་ཤིག་གིས་ཁེངས་འདུག

ད་ལོའི་དབྱར་ཟླ་དྲུག་པ་ནི་ནམ་ཟླའི་དྲོ་གྲང་རན་ལ་ཕྱུགས་ལ་གོད་ཁ་དང་མི་ལ་ན་ཚ་མེད་པའི་ལོ་ཞིག་ཡིན་པ་གདོན་མི་ཟ་སྙམ། ཡིན་ཡང་བློ་བཟང་ལ་མཚོན་ན་དེ་ལས་ལྡོག་སྟེ་འཇིག་རྟེན་ཁམས་ཆེན་མོའི་ཡོད་ཚད་ཀྱིས་ཁོ་ལ་འཕྱ་སྨོད་དང་ཕྱིར་འབུད་གཏོང་བ། བརྙས་བཅོས་བྱེད་པ་དང་མཚུངས།  བློ་བཟང་གིས་ཉལ་ཁང་གི་དྲ་མིག་ལས་ཕྱི་རོལ་གྱི་གནམ་གཤིས་ལ་ལྟ་བཞིན་རྣ་འགྲམ་གྱི་ཁ་པར་དལ་གྱི་སྒོ་ཡང་མ་ལྟེབ་པར་ཁུག་མར་བཅུག་ལ་མིག་རྩར་མཆི་མ་འཁྱིལ་ཞོར་སྐད་ཆེན་པོས་ང་་་ཡོང་་་ཟེར་བ་དང་ལྷན་དུ་ད་སོ་མའི་ཆང་དེ་མ་སངས་བས་ཡིན་ནམ་ཡང་ན་སྤྱི་ཚོགས་ཀྱིས་ཁོ་ལ་རང་དབང་མེད་པར་ལྗིད་ཤུགས་ཤིག་གིས་མནན་པ་ལྟར་གོམ་འགྲོས་འཆར་འཆོར་གྱི་ངང་ནས་དལ་གྱིས་ཐང་དུ་འགྱེལ་སོང་། སང་ཉིན། སང་ཉིན། བློ་བཟང་གི་སང་ཉིན་ནི་ཅི་འདྲ་ཞིག་ཡིན་པ་ཁོ་མ་གཏོགས་མི་གཅིག་ལ་ཡང་གསལ་ཆ་མེད།

འཁོར་ར་ཁོར་ཡུག་མི་བཟོས་ནགས་ཚལ་དང་མེ་ཏོག་ལྡུམ་རས་བཀླུབས་པ་དང་། མཐོན་མཐིང་མཁའ་དབྱིངས་ནས་ལྟ་དུས་གླིང་ཕྲན་ཆུང་ངུ་ཞིག་དང་ཆ་འདྲ་བའི་དགའ་ཚལ་འདི་ནི་མི་རིགས་སྣ་མང་འདུས་པའི་སློབ་གྲྭ་ཆེན་མོ་ཞིག་རེད། སློབ་ཁང་དང་དཔེ་ཁང་། ལུས་རྩལ་རྭ་བ། བཟའ་ཁང་དང་མི་བཟོས་སྐྱེད་ཚལ། ཉལ་ཁང་། ཡོད་ཚད་རང་གྲུབ་ངང་ཡོད་པའི་གླིང་ཕྲན་ཆུང་ཆུང་འདིར་ལོ་རེ་རེའི་མཐར་ཕྱིན་སློབ་མའི་དུས་ཚིགས་ལ་སླེབས་འདུག

ནམ་ཟླ་ནི་ཚ་བེར་བེར་ངང་ཡོད་དེ་བྱ་བྱིའུ་འབའ་འབུ་དང་སྦྲང་མ་གྲོག་མ་སོགས་འདུར་རྒྱུགས་དང་ཅ་ཅོ། ཟ་ཟིར་གྱི་ལས་ལ་བྲལ་འདུག ལས་མི་བསྡུ་བའི་སྤྱི་གཉེར་ཁང་དང་རང་མོས་ཚོགས་པ། མཐར་ཕྱིན་སློབ་མའི་དངོས་པོ་བསྐྱེལ་བའི་ཚོགས་པ་སོགས་སློབ་གྲྭའི་ཁོར་ཡུག་ཡང་བྲེལ་ཟིང་གིས་ཁེངས། ཁང་བརྩེགས་བརྒྱད་པའི་ཐོག་རྩེག་དྲུག་པའི་ཉལ་ཁང་306ནི་ད་ལོའི་རྩོམ་རིག་དངོས་གཞིའི་འཛིན་གྲྭ་དང་པོའི་མཐར་ཕྱིན་སློབ་མའི་ཉལ་ཁང་ཞིག་རེད། གྲུ་བཞི་ནར་མོའི་དབྱིབས་ཀྱི་ཡངས་དོག་ལ་སྨི་ལྔ་བཅུ་ལྷག་ལས་མེད་པའི་ཉལ་ཁང་འདི་རུ། ཉལ་ཁྲི་བཞི་ཡོད་ལ་ཉལ་ཐུལ་སོགས་གཡས་གཡོན་དུ་བསྐྱུར་ཡོད་པ་དང་དཔེ་ཆ་དང་གད་སྙིགས་སོགས་ཀྱིས་ཉལ་ཁྲིའི་བར་གང་འདུག མི་རེ་རེ་ལ་དབང་བའི་དཔེ་སྒྲོམ་སྟེང་གི་དཔེ་ཆ་ཡང་ད་ནི་བདག་པོ་མེད་པའི་ཁྱི་ལྡོམ་ཞིག་དང་འདྲ་བར་ཉིན་དཀར་ཡིན་རུང་ཉལ་ཁང་ན་གསལ་གྱི་ལེར་ཡོད་པའི་གློག་སྒྲོན་དེར་ཧད་དེ་ལུས་འདུག  

སློབ་གླིང་ནང་དཔྱད་རྩོམ་བགྲོ་གླེང་གི་འཁྲབ་སྟོན་མཇུག་སྒྲིལ་བས། ད་ནི་མཐར་ཕྱིན་སློབ་མ་ཚོ་ཅུང་ཁམས་གསེང་ངང་ཡོད་པ་དང་། བཀྲ་ཤིས་དང་ཚེ་རིང་གཉིས་ཀྱིས་ལུས་སྟོད་གཅེར་བུར་ཕུད་ནས། ཙོག་ཙེ་ཆུང་ཆུང་ཞིག་གི་སྟེང་དུ་ལྦུ་ཆང་དང་ཐ་མག་སོགས་བསྒྲིགས་ནས་ལྷོད་གཡེང་ངང་བསྡད་འདུག བློ་བཟང་གིས་སྟོད་ཐུང་རྙིང་པ་ཞིག་དང་ལོ་ངོ་བཞིའི་རིང་གོན་མ་ཕོད་པའི་ལྷམ་ཆུང་དེ་གོན་ཡོད་མོད། བལྟས་ཚོད་ཀྱིས་ཡིད་སེམས་རབ་ཏུ་སྐྱོ་བའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་ཐོན་འདུག ལྟོས་དང་མིག་ཟུང་ལས་རེ་མེད་ཀྱི་ཉམས་ཞིག་དང་ལུས་པོ་ཡོངས་ལ་ཤུགས་མེད་པའི་སྣང་བ་ཞིག་ཀྱང་ཐོན་འདུག དེ་ལྟར་ཉལ་ཁང་གི་སྒེའུ་ཁུང་ཐད་ན་ཧད་དེ་བྲེལ་ཟིང་ཆེ་བའི་ཁོར་ཡུག་གི་མི་རྣམས་ལ་བལྟས་ནས་ལུས་འདུག ལོ་ངོ་བཞིའི་རིང་ཁོང་དང་འགྲོགས་པའི་དཔེ་ཆ་དང་འབྲི་དེབ། ཡོད་ཚད་ཀྱིས་ཁོང་ལ་སྙིང་རྗེ་བའི་མིག་ཟུང་གིས་བགྲད་འདུག

སི་ལི་ལི།་་་་་ སི་ལི་ལི།་་་་་ སྙིང་སྡུག་མ། ཁྱེད་དལ་མོར་འཕུར། བཀྲ་ཤིས་ཀྱི་ཁ་པར་གྲག་བྱུང་། བཀྲ་ཤིས་ཀྱི་ལུས་སྟོད་གཅེར་བུ་བུད་ཡོད་ལ། ཤ་ཅུང་རིད་པ་དང་ལྟོ་བ་སྔོན་ལ་འབུར་ཡོད་པ་ལས་བལྟས་ཚོད་ཀྱིས་ལུས་ཕུང་སྦྱོང་བརྡར་སོགས་མེད་པ་ཧ་གོ ཡིན་ཡང་ལུས་སྟོད་དུ་འབྲུག་དང་ཁྱུང་གི་རི་མོ་བརྐོས་ཡོད་པ་དང་མགོ་སྐྲའི་ཁ་དོག་སེར་པོར་བཏང་ཡོད་པས། དམ་པའི་ཆོས་ལ་དད་ལོག་གམ་ཡང་ན་དམ་པའི་ཆོས་ཁས་མི་ལེན་པའི་མི་བུ་ཡི་གྲལ་ན་ཡོད་དམ་སྙམ་པའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ཡོང་།

བཀྲ་ཤིས་ཀྱིས་ཁ་པར་དངོས་སུ་གཅིག་བལྟས་རྗེས་འཐད་མི་འཐད་པའི་ངང་ཁ་པར་ཁ་ཕྱེ་རྗེས། ཝེ། འོ། ཅི། ཧུན། སྐད་ཤུགས་དྲག་པོའི་སྒོ་ནས་ཟླ་ཕོགས་དེ་ཉུང་སོང་ཞེས། མིག་མདངས་ལས་ཅུང་མ་རངས་པའི་ཉམས་མངོན་བཞིན་དུ་ཁ་པར་གྱི་སྒོ་ཐག་སེ་ལྟེབ་སོང་། ཁོས་ཚེ་རིང་ལ་བཤད་རྒྱུར། ཟླ་གཅིག་ལ་སྒོར་གསུམ་སྟོང་། ང་ཇི་ལྟར་འཚོ་དགོས། ངོ་མ་དགོད་སྤྱད་རེད་ཟེར། སློབ་ཆེན་དུ་ལས་ཅི་ཡང་མེད་ན་ཡང་ཟླ་རེར་སྒོར་བཞི་སྟོང་གི་འཚོ་བའི་དངུལ་ཡོད་པས་ཟེར་དུས་ཚེ་རིང་གི་ཁ་པར་ཡང་གྲག་བྱུང་། ཚེ་རིང་གིས་ཁྲ་ཁྲ་དམར་ཁྲའི་རྐང་ཐུང་ཞིག་གྱོན་ཡོད་པ་དང་དབུ་སྐྲ་ཅུང་རིང་། ཁོས་ཅོག་ཙེའི་སྟེང་གི་ཁ་སུར་རེ་ཁ་ནང་ཏུ་བཅུག་རྗེས་ཐག་སྒྲ་དང་བཅས་ཕྱིན་ལྤགས་ཁ་ནང་ནས་ཅོག་ཙེའི་འགྲམ་ཏུ་འཕེན་ཞོར་ཆང་ཕོར་ལག་ཏུ་བཟུང་ནས། བཀྲ་ཤིས། ཡ་རོགས་གཅེས། ད་ནི་རང་རང་གི་ལས་གནས་སུ་འགྲོ་དགོས་འདུག་པས། སྤྱི་ཚོགས་སུ་སོང་ནས་ཡང་བུ་མོ་མང་པོ་བཟི་བཤད་ཞོར་ཀོག་སྒྲ་དང་བཅས་ཆང་ཧུབ་ཀྱིས་བཏུང་རྗེས། གོམས་ལོབས་སུ་གྱུར་བའི་བྱ་སྤྱོད་དེས་དམ་བེ་ལག་ཏུ་བཟུང་ནས་ཆང་ཕོར་ཏུ་སླར་ཡང་ཆང་གང་བླུགས། བལྟས་ཚོད་ཀྱིས་སློབ་ཆེན་ནས་ཆང་མི་ཉུང་བ་ཞིག་བཏུམ་ཡོད་པ་ཐེ་ཚོམ་མེད། ཁ་ཟུར་བཤད་རྒྱུར་རླངས་འཁོར་ད་རུང་མི་དགོས། ཟླ་གཅིག་ལ་ཟླ་ཕོགས་ལྔ་སྟོང་ལྷག་ཡོད་ན་རབ་རེད། ད་རུང་ལས་ཀ་མང་ན་དེ་འདྲ་རེད་ཟེར་རྗེས་ཁ་པར་གྱི་ཁ་ལྟེབ་སོང་། ཁོ་གཉིས་ཀྱིས་དེ་ལ་དོན་དག་མེད་གི གན་ལ་སྙིང་པོ་མི་འདུག བུ་མོ་དེ་ཡག་རབས། བུ་མོ་དེས་ཆང་འཐུང་རབས་སོགས་ཧ་ཧ་ཧོ་ཧོ་ངང་ནས་མུ་མཐུད་དུ་ཆང་འཐུང་། སློབ་ཆེན་ལོ་ངོ་བཞིའི་དཀའ་སྡུག་གི་འཚོ་བའི་ཁྲོད་དུ་བློ་བཟང་གིས་སློབ་སྦྱོང་གཙོ་བོར་བཟུང་ནས་སྦྱངས་འབྲས་ཕུལ་ཏུ་བྱུང་པ་ལོན་འདུག བཀྲ་ཤིས་དང་ཚེ་རིང་གཉིས་སྔ་ཕྱི་དུ་མཐར་ཕྱིན་ཡོད་མོད། སློབ་ཆེན་ལག་རྟགས་སོགས་ཆ་མི་ཚང་བ་རེ་མ་གཏོགས་མེད། བློ་བཟང་གིས་མཐར་མ་ཕྱིན་སྔོན་ནས་རང་གི་ངོ་སྤྲོད་ཡི་གེ་དེ་རང་གི་ཕ་ཡུལ་དང་ཐག་ཉེ་རིང་གི་སྤྱི་གཉེར་ཁང་སོ་སོ་ལ་མང་ཏུ་བསྐུར་ཟིན་མོད། ད་རུང་ལན་གཅིག་ཀྱང་འབྱོར་མ་སོང་། ཁོ་སེམས་སྡུག་གི་མཚོ་མོ་རུ་ལྷུང་འདུག དེ་རིང་ཡང་ལོ་ངོ་བཞི་ལ་གོན་མ་བྲ་བའི་ལྷམ་དེ་གོན་ནས་ངོ་རྒྱུགས་ལེན་དུ་སོང་བ་ཡིན་མོད། རེ་བ་འབྲས་མེད་དུ་གྱུར་སོང་། ཉལ་ཁང་དུ་ཐོན་དུས། སློབ་ཆེན་སྐབས་སུ་རང་ལ་ཤ་ཉེ་ཉེ་དང་བློ་བྱམས་བྱམས། འཛུམ་དམུལ་དམུལ་བྱེད་པའི་ཉལ་ཁང་གི་སློབ་གྲོགས་ཚོས་ཟླ་ཕོགས་སོགས་ཀྱི་སྐད་ཆ་བཤད་པ་ཐོས་བས། བློ་བཟང་སྔར་ལས་སེམས་སྡུག་གི་མཚོ་མོ་རུ་ལྷུང་སོང་།

དེ་རིང་ནི་དབྱར་དྲུག་པའི་ཉིན་ཞིག་ཡིན་ལ། བློ་བཟང་ད་ནངས་ཞོགས་པར་སྒོར་འགྲོ་དུས་གནམ་གཤིས་དྭངས་ཞིང་གསལ་ལ་རྟ་བདུན་དབང་པོས་ཀེམ་ཀེམ་གྱིས་མི་ཡུལ་ལ་གཟིགས་འདུག་མོད། ད་ནི་གློ་བུར་ཏུ་ནམ་མཁའ་ནས་སྤྲིན་པ་འཁྲིགས་ལ་ཐོག་འབྲུག་གློག་གསུམ་དང་ལྷན་ཏུ་དྲག་ཆར་ཤག་ཤག་ཏུ་བབས་སོང་།

བློ་བཟང་གི་མིག་ཟུང་ལས་ཐེ་ཚོམ་དང་སེམས་སྡུག་འདྲེས་མའི་མིག་ཆུ་ལྷུང་བཞིན། བཀྲ་ཤིས་དང་ཚེ་རིང་གཉིས་ལ་འདྲི་རྒྱུར། མཐར་མ་ཕྱིན་སྔོན་ལ་ང་ཚོ་ལས་ང་སློབ་སྦྱོང་བཟང་། སྤྱོད་པ་ཡག  གཤིས་ཀ་འཇམ། གྲ་སྒྲིག་བྱས་པ་ཚགས་དམ། ད་ནི་ངས་ལས་ཀ་མི་རྙེད་པར་ཡོད་དུས། ཁྱེད་གཉིས་ཀྱིས་ཟླ་ཕོགས་ཐད་ནས་ཉོ་ཚོང་རྒྱགས་བཞིན་འདུག འདི་ནི་ཅིའི་ཕྱིར། ཅིའི་ཕྱིར་ཟེར་ཞོར་ཆང་དམ་བེ་གང་ཧུབ་ཀྱིས་བཏུང་། བཏུང་ནས་སྐར་ཆ་འགའ་འགོར་མ་འགོར་བར་བློ་བཟང་གི་གོམ་པའི་འདེགས་འཇོག་ཡང་འཁྱར་ལེ་འཁྱོར་ལེ་ཞིག་ཏུ་བཏང་སོང་།

ཤུར་ཤུར་རླུང་བུ་དང་འགྲོགས་ནས་ལྡེམ་ལྡེམ་དུ་གཡོ་བའི་ལྗང་སྨྱུག་དག་གིས་བློ་བཟང་ལ་ཕ་ཡུལ་མ་བརྗེད། ཡིད་ཆེས་ཡོད་ཟེར་བ་དང་མཚུངས་ལ། ཕྱེ་ལེབ་གཉིས་ཀྱིས་ལམ་ཐག་རིང་པོར་བསྐྱེལ་མ་བྱས།

བློ་བཟང་ནི་ཞིང་གྲོང་ཞིག་ནས་ནར་སོན་ལ། ཁོང་ནི་ཁྱིམ་ཚང་དེའི་སློབ་ཆེན་པ་དང་རིག་གནས་པ་གཅིག་པུ་ཡིན་འདུག ཞིང་གྲོང་གི་འགྲིམ་འགྲུལ་དང་ཁྱིམ་ཚང་གི་དཔལ་འབྱོར་གྱི་དབང་གིས་སྤུན་མིང་སྲིང་ལྔ་ཡོད་པ་ལས་ཁོ་གཅིག་པུ་མ་གཏོགས་སློབ་གྲྭ་ལ་འགྲོ་མ་ཐུབ། ཁོང་སློབ་ཆུང་ནས་བཟུང་སྦྱངས་འབྲས་བཟང་པ་དང་མི་གཤིས་ལེགས་པས། རུ་སྡེ་བའི་ཁ་ན་བྱིས་པ་ཡ་རབས་ཀྱི་མིང་ཡོད་ལ་མཐོ་རྒྱུགས་ཀྱི་འཐབ་ར་ནས་བློ་བཟང་གིས་ཁོ་རང་གི་ཤེས་རབ་ཀྱི་རྩལ་དང་སྦྱངས་སྟོབས་ཀྱི་ཤུགས་ལས་འབྲས་བུ་མི་དམན་པ་ཞིག་བླངས།

སློབ་ཆེན་ཏུ་འགྲོ་བའི་ཉིན་དེར་ཕ་མ་དང་མིང་སྲིང་སོགས་ལྷན་དུ་འཛོམས་ནས། ལག་སེར་ག་དང་ཐོད་དངུལ་ཆུས་བླངས་པའི་སྒོར་རྡོག་འགའ་རེ་བློ་བཟང་གི་ལག་ཏུ་བཞག་ནས་བཤད་རྒྱུར། འུ་ཚང་གི་མ་འོངས་པ་ཁྱེད་ལ་རེ། རང་གིས་ས་མཐའ་ནས་ཕ་ཡུལ་མ་བརྗེད། སྒོར་མོ་སོགས་ཅི་དགོས་ན་ཕ་ཡུལ་ཏུ་འཕྲིན་སྐུར་ཤོག་ཟེར་ནས་ལམ་ལ་བསྐྱེལ།

འདི་ལྟ་དཀའ་སྡུག་གི་འཚོ་བ་དང་རྒྱུ་མེད་ཀྱི་ཁྱིམ་ཚང་ནས་ཡོང་བའི་བློ་བཟང་ནི་སློབ་ཆེན་དུ་ཡང་གཤིས་བཟང་རྒྱུད་འཇམ་པོ་དེ་མ་དོར་ལ་སྦྱངས་སྟོབས་ཀྱི་འབད་པས་སྦྱངས་འབྲས་མི་དམན་པ་ཞིག་གི་ལེགས་སྐྱེས་བཟུང་ནས་སློབ་མཐར་ཕྱིན་མོད། ད་ནི་སྤྱི་ཚོགས་ཟེར་བའི་འཐབ་ར་ལ་ཡོངས་སུ་གདོང་གཏད་དགོས་བྱུང་། 

གནམ་གཤིས་ཡང་ཇེ་སྡུག་ནས་ཇེ་སྡུག་རེད།  ཕྱི་དྲོའི་དུས་ཚོད་བཞི་ཙམ་ལའང་། ས་རུབ་ལ་ཉེ་བ་དང་མཚུངས། སྤྱི་ཚོགས་ཀྱི་སྒོ་ཐེམ་དུ་འགྲོ་ལ་ཉེ་བའི་བློ་བཟང་གིས་ཡ་ཡོར་གྱི་ངང་ནས་ཁྱེད་གཉིས་ཀྱིས་ཇི་ལྟར་ལས་བཙལ་བ་ཡིན་ཞེས་ཡང་ཡང་དྲིས།  བཀྲ་ཤིས་དང་ཚེ་རིང་གཉིས་བགད་ཞོར་ཏུ་གཙོ་བོ་གཤིས་ཀ་ཡག་དགོས། དྲང་གཏམ་བཤད་དགོས་ཟེར། བཀྲ་ཤིས་ཀྱིས་བཤད་རྒྱུར། ཁ་རྒྱུགས་ལེན་སྐབས་སྐྲག་མི་ཉན། སྙིང་སྟོབས་ཡོད་དགོས་ཟེར། ཚེ་རིང་ཀྱིས་བཤད་རྒྱུར། སྤྱང་གྲུང་འཛོམས་དགོས། བློ་རིག་མྱུར་དགོས་ཟེར། སྦྱངས་འབྲས་མི་ལེགས་པའི་སློབ་མ་འདི་གཉིས་དེ་རིང་ཁ་མཁས་སུ་གྱུར་ཡོད་པས་བློ་བཟང་ལ་སྣོན་ཤུགས་དེ་ལས་ཆེ་བ་ཞིག་སྟེར།

དྲག་ཆར་ཁྲོད་ནས་བྱིའུ་ཞིག་འཕུར་མ་འཁྱོར་གྱིས་རང་བཟོས་སྡོང་པོ་དེའི་ཡལ་གའི་སྟེང་དུ་བབས་སོང་། བློ་བཟང་གིས་མིག་ཀྱང་མི་རྡེབ་པར་བལྟས་ནས་ལ་བསྡད་འདུག གློ་བུར་ཏུ་རླུང་འཚུབ་ཅིག་གཡུགས་ནས་ཡལ་གའི་སྟེང་གི་བྱིའུ་དེ་གར་མེད་དུ་ཁུར་སོང་། བློ་བཟང་གིས་དབུགས་རིང་ཞིག་འབྱིན་པ་དང་སྔར་བཞིན་སྒེའུ་ཁུང་ཁ་གཏད་དུ་ལངས་ནས་འདུག

དེ་ལྟར་བློ་བཟང་གིས་བཀྲ་ཤིས་དང་ཚེ་རིང་གཉིས་ལ་ཁ་རྒྱུགས་ལེན་སྐབས་ཀྱི་ཉམས་མྱོང་རེ་ཨེ་སློབ། ངས་ངོ་མ་ལས་ཀ་འཚོལ་ཐུབ་དགོས། ལས་ཀ་མ་རྙེད་ན་ངས་ཅི་བྱ། ལོ་ངོ་བཞིའི་དུས་ཚོད་ཆུད་ཟོས་སུ་བཏང་བ་མ་ཡིན་ནམ། ཡུལ་ཕ་མ་གཉིས་དང་མིང་སྲིང་ཚོའི་དཀའ་སྡུག་གི་དྲིན་ཇི་ལྟར་མཇལ་དགོས་ཞེས་སྐད་འདར་མ་འདར་གྱིས་བཤད་སྐབས། བཀྲ་ཤིས་ཀྱིས་ཆང་ཕོར་གང་ཧུབ་ཀྱིས་བཏུང་རྗེས། བཤད་རྒྱུར། ང་ཐེངས་གཅིག་ལ་མ་གཏོགས་ཁ་རྒྱུགས་ལེན་དུ་སོང་མ་མྱོང་། སྐབས་དེར་ངས་སྙིང་སྟོབས་ཆེན་པོ་བསྐྱེད་ནས་སོང་པ་ཡིན། ཁ་རྒྱུགས་ལེན་སའི་ཁང་པའི་སྒོ་རྡུང་ཡང་མ་བརྡུང་བར་ནང་ཏུ་འཛུལ་ནས་སོང་། བློ་བཟང་གི་སེམས་ནང་ལས་མིག་མདུན་གྱི་སློབ་གྲོགས་འདི་ད་སོ་མ་ངོ་ཤེས་པ་ཞིག་དང་འདྲ་ལ་དད་གུས་ཡང་སྐྱེས་པའི་སྣང་བ་ཤིག་ཤར། སྐབས་དེར་ཁ་རྒྱུགས་ལེན་མཁན་གྱིས་ཚིག་གཅིག་མ་བཤད་པར་ངས་འདི་ལྟར་བཤད་པ་ཡིན། གལ་ཏེ་དེ་རིང་ང་ལ་བྱ་བ་འགྲིག་པོ། ཟླ་ཕོགས་མཐོན་པོ་ཞིག་བཀོད་སྒྲིག་མ་བྱས་ན། ངས་དེ་རིང་ནས་བཟུང་ཕ་བུའི་འབྲེལ་བ་གཅོད་རྒྱུ་ཡིན་ཞེས་བཤད་པ་ཡིན་ཟེར་དུས། བློ་བཟངགིས་ལག་སེར་ཁ་གས་པའི་ཕ་མ་ཟུང་དང་ཐོད་གཉེར་མས་གང་བའི་མིང་སྲིང་ཚོས་ཁོ་རང་བསྐྱེལ་མ་བྱས་པའི་ཡུལ་དངོས་ཀྱི་གནས་ཚུལ་རྣམས་གཅིག་ཀྱང་མ་ལུས་པར་གསལ་ལེར་དྲན་བྱུང་། བཀྲ་ཤིས་ཀྱིས་ངས་འདི་ལྟར་ཁ་རྒྱུགས་བླངས་པ་ཡིན་བཤད་ཞོར་ཡར་ལངས་ཏེ་ཁ་པར་ལ་ཉན་ཞོར་ཉལ་ཁང་ནས་སྒོར་བུད་སོང་།

བློ་བཟང་ཧད་དེ་ལུས་འདུག སང་ཉིན་གྱི་སང་ཉིན་དེར་བློ་བཟང་གིས་ཇི་ལྟར་བྱ། བཀྲ་ཤིས་ནི་ཁྱིམ་འབྱོར་ཅན་གྱི་བུ་ཡིན་པ་ཤེས་མོད། ཚེ་རིང་ནི་ཁོང་དང་འདྲ་བོ་འདུག་སྙམ་ནས་འདྲི་སྐབས་སུ། ཚེ་རིང་གིས་བཀྲ་ཤིས་ཁོང་དེ་ལྟར་ཡིན། ཁྱིམ་འབྱོར་ཅན་གྱི་རྒྱུ་ཤུགས་ངོམས་ནས་ང་ཚོ་མིག་ནང་ལ་མི་འཇོག ཁོའི་ཁ་ལ་ཉན་རྒྱུ་མེད། ཁ་རྒྱུགས་ལེན་སྐབས་སྔོན་གྱི་གྲ་སྒྲིག་ཆ་ཚང་པོ་ཡིན་དགོས། གྱང་བརྡུང་ན་རྡོ་བརྩིགས་སྲ་དགོས་ནི་རེད།  ད་བར་གྱི་སྤྱི་ཚོགས་ལ་དགོས་མཁོ་ཡོད་པ་དང་འཕྲོད་པའི་ལས་ཀར་འཇུག་དགོས། ང་ཁ་རྒྱུགས་ལེན་ཏུ་སོང་མ་མྱོང་། ངས་ངའི་ཚབ་ལ་མི་ཞིག་མངགས་ནས་ལས་ཀ་འདི་བཙལ་བ་ཡིན་ཞེས་བཤད་པའི་སྐབས་དེར། བློ་བཟང་ཅུང་ཙམ་ཧད་དེ་ལུས་ཡོད་པ་དེ་དལ་གྱིས་ཚེ་རིང་གི་གམ་ཏུ་བསྡད་ནས་མིག་ཟུང་ཚེ་རིང་གི་གདོང་དུ་གཏད་ནས་བླ་ཆེན་ཞིག་གི་གསུངས་ལ་ཉན་པ་བཞིན་རེ་སྒུག་གི་ངང་ཉན་འདུག  ཚེ་རིང་གིས་མུ་མཐུད་དུ་བཤད་རྒྱུར།  ཁ་རྒྱུགས་ལེན་པའི་ཉིན་དེར་དགའ་རོགས་དང་ངེད་གཉིས་ཀྱིས་གྲོས་ཨ་ལོང་འདྲ་བ་ཞིག་བྱས་ནས་མོ་ཁ་རྒྱུགས་ལེན་དུ་མངགས་པ་ཡིན། ཁོ་མོས་གལ་ཏེ་ཚེ་རིང་ལ་ལས་ཀ་བཟང་པོ་ཞིག་མི་སྦྱིན་ན་དེ་རིང་ནས་བཟུང་ང་ཁོ་དང་འགྲོགས་ནས་སྲང་ནས་འཁྱམ་ནས་ཟམ་འོག་ནས་ཉལ་དགོས་རུང་ཕྱིར་ཁྱིམ་ལ་མི་ཡོང་ཞེས་བཤད་པས་དེ་རིང་གི་ལས་འདི་ཐོབ་པ་ཡིན་ཞེས་བཤད་མཚམས་དེར་ཕྱི་རོལ་ནས་གློག་དམར་དང་འགྲོགས་པའི་ཐོག་སྒྲ་ཆེན་པོ་ཞིག་གྲགས་ནས་བློ་བཟང་ཐད་ཀར་བརྒྱལ་སོང་།

ཨ་མ་ལགས། ངའི་བྱམས་བརྩེ་ཆེ་བའི་ཨ་མ་ཅེས་ཁ་པར་ཞིག་ཡང་ནས་ཡང་ཏུ་གྲགས་བཞིན་འདུག ཉལ་ཐུལ་གྱིས་མགོ་བོ་ཡོངས་སུ་བཏུམ་པའི་ཚེ་བརྟན་གྱིས་བཟོད་མ་ཐུབ་པར་བློ་བཟང་།  བློ་བཟང་ཁྱེད་ཀྱི་ཁ་པར་ཞེས་བོས། ཚེ་བརྟན་ནི་རྫོང་ཨུའུ་ཧྲུའུ་ཅི་ཡི་བུ་ཡིན་ལ་སློབ་ཆེན་ཏུ་མ་ཡོང་གོང་ནས་བཟུང་ཕྱི་རྒྱལ་ལ་འགྲོ་རྒྱུ་བཀོད་སྒྲིག་བྱས་ཡོད། ཁོ་དེ་རིང་སེམས་ཁམས་དེ་འདྲ་སྐྱིད་པོ་མི་འདུག་པས་ཉིན་གང་པོར་ཉལ་ནས་བསྡད་པ་རེད། རྒྱུ་མཚན་ནི་དེ་རིང་སློབ་མཐར་ཕྱིན་སོང་བས་ལོ་ངོ་བཞིའི་རིང་ལ་འགྲོགས་ནས་ཕན་ཚུན་དགའ་དགའ་དང་དུང་དུང་བྱས་པའི་དགའ་རོགས་དང་གྱེས་འགྲོ་དགོས་པ་རེད། བློ་བཟང་གིས་ཁ་པར་དལ་གྱིས་སྒོ་ནས་ཉན་སྐབས་སུ། ཚུར་རོལ་ནས་ཁ་གྲགས་བྱུང་། ང་ནི་ཆུ་རགས་དང་ཟམ་བསྐྲུན་སྤྱི་གཉེར་ཁང་གི་ལས་མི་བསྡུ་མཁན་ཡིན།  ཁྱེད་ནི་ང་ཚོའི་ཡིག་སྒམ་ཏུ་ངོ་སྤྲོད་བརྒྱ་དང་བརྒྱད་བསྐུར་མཁན་གྱི་བློ་བཟང་ཨེ་ཡིན་ཞེས་དྲིས་པ་ན། བློ་བཟང་གི་མིག་མདངས་ལས་རེ་བཞག་ཕྲ་མོ་ཞིག་དལ་གྱིས་ཤར་ཏེ། དེ་མ་ཐག་སྐད་དམའ་མོས་ཡིན་ཞེས་ལན་བཏབ་པ་ན། ཚུར་རོལ་ནས་བཤད་རྒྱུར། ཁྱེད་ལ་ཆ་རྐྱེན་ཅི་དགོས་ཅེས་བཤད་པ་ན། བློ་བཟང་གི་མིག་མདངས་ཇེ་གསལ་ནས་ཇེ་གསལ་ཏུ་གྱུར། ཡིད་སྤྲོ་བའི་ངང་བཤད་རྒྱུར། ང་ལ་ཆ་རྐྱེན་མི་་་་མེད་་་་ཉིན་གཅིག་ལ་ཟས་ཐུན་གསུམ་པོས་ལྟོ་བ་འགྲང་ཐུབ་པ་དང་རང་ཉིད་ཀྱིས་ཁང་ཆུང་ཞིག་གླ་ཐུབ་པ། ཁང་པར་སྒེའུ་ཁུང་ཆུང་ངུ་ཞིག་ཡོད་པ། ཟླ་རེ་ལ་སྒོར་གསུམ་བརྒྱ་ནས་ལྔ་བརྒྱ་ཙམ་ཁྱིམ་ལ་རོགས་དངུལ་ཙམ་བསྐུར་རྒྱུ་ཡོད་ན་ཆོག་ཅེས་བཤད། ཚུར་རོལ་ནས་ཅུང་མ་རངས་པའི་ཚུལ་གྱིས་ལོ་གཅིག་ལ་གྲངས་གིས་མི་ལོན་པའི་མཐར་ཕྱིན་སློབ་མ་ཡོད་པས་ངས་ཅིའི་ཕྱིར་ཁྱེད་ང་ཚོའི་སྤྱི་གཉེར་ཁང་ཏུ་ལེན་དགོས་པ་རེད། ཟླ་རེ་ལ་ཟླ་ཕོགས་སྒོར་གཅིག་སྟོང་གཉིས་བརྒྱ། ཟས་རིན་དང་སྡོད་ཁང་རང་གིས་འགན་ཁུར།  ཡོང་འདོད་མིན་རང་གིས་ལྟོས་ཞེས་བཤད་རྗེས་ཁ་པར་བཞག་པའི་སྒྲ་གྲགས་བྱུང་།

བློ་བཟང་སྔར་བཞིན་ཉལ་ཁང་གི་དྲ་མིག་ལ་ཁ་གཏད་ནས་ཡར་ལངས་ཏེ་ཕྱི་རོལ་གྱི་གནམ་གཤིས་ལ་ལྟ་བཞིན་རྣ་འགྲམ་གྱི་ཁ་པར་གྱི་སྒོ་ཡང་མ་ལྟེབ་པར་ཁུག་མར་བཅུག་ལ་མིག་རྩར་མཆི་མས་འཁོར་ཞོར་ཏུ་ང་་་ཡོང་་་ཞེས་སྐད་ཅིག་བཏང་། སྐད་སྒྲ་ཆེན་པོ་དེ་ཕྱི་རོལ་གྱི་གནམ་གཤིས་ཁྲོད་ཀྱི་དྲག་རླུང་དང་འགྲོགས་ནས་གར་སོང་ཆ་མེད་དུ་ཁུར་སོང་བའི་བྱིའུ་དེའི་རྗེས་བསྙེགས་ནས་དེ་རིམ་གྱིས་ཇེ་ཞན་ནས་ཇེ་ཞན་ཏུ་གྱུར་སོང་།

རླུང་བུ་སྔར་བཞིན་གཡུག་བཞིན་འདུག གནམ་གཤིས་སྔར་བཞིན་འཚུབ་བཞིན་འདུག བློ་བཟང་གི་སང་ཉིན།  བློ་བཟང་གི་སང་ཉིན་དེ་ཁོ་དང་ཆ་འདྲ་བའི་སློབ་བུ་ཁྲི་ཁྲི་འབུམ་འབུམ་གྱི་སང་ཉིན། སང་ཉིན་དེ་གང་ན་ཡོད། གང་འདྲ་ཡིན། སུ་ལ་ཡང་ཆ་མ་མཚལ། །


  • ལེ་ཚན་སྔོན་མ།:སློབ་རའི་འཚོ་བ།
  • ལེ་ཚན་རྗེས་མ།:བསྟན་པའི་ལས་དབང་།