དར་རྩེ་མདོ་གྲོང་གི་དགོན་ཁག་བདུན།

མི་ཉག་ཐུབ་བསྟན་ཆོས་དར།        2017-08-28

དར་རྩེ་མདོ་གྲོང་གི་དགོན་ཁག་བདུན།
རྡོ་རྗེ་བྲག་དགོན་པ།

     རྡོ་རྗེ་བྲག་དགོན་པ་དང་ལྷ་མོ་རྩེའི་དགོན་པ། ལྔ་མཆོད་དགོན་པ་སྟེ་དགོན་ཁག་གསུམ་པོ་ལ་རིག་གསར་སྐབས་སུ་གནོད་རྐྱེན་ཐེབས་ཡོད་མོད། འོན་ཀྱང་དེང་སྐབས་བསྐྱར་བཞེངས་གནང་ནས་སྔར་བཞིན་གནས། དེས་མ་ཟད་དགོན་པ་དེ་གསུམ་གྱི་ལོ་རྒྱུས་མདོར་བསྡུས་ཤིག་དཀར་མཛེས་ཁུལ་ཡིག་བསྒྱུར་ཁང་གིས་བསྒྲིགས་པའི༼ཁམས་ཕྱོགས་དཀར་མཛེས་ཁུལ་གྱི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ།༽ཞེས་པའི་དེབ་གསུམ་པ་ན་བཞུགས་སོ། །

དར་རྩེ་མདོ་གྲོང་གི་དགོན་ཁག་བདུན།
ལྷ་མོ་རྩེའི་དགོན་པ།

     ཡིག་སྐྱོང་དགོན་པ་དང་ངོར་བ་དགོན་པ། ས་སྐྱ་དགོན་པ། རྡོ་གྲགས་དགོན་པ་སྟེ་དགོན་ཁག་བཞི་པོ་ལ་རིག་གནས་གསར་བརྗེའི་སྐབས་སུ་གནོད་རྐྱེན་ཐེབས་ནས་རྨང་མེད་དུ་གྱུར་པའོ། །

     དེའང་ཡིག་སྐྱོང་དགོན་པ་ནི་ཀཿཐོག་དགོན་པའི་དགོན་ལག་ཅིག་ཡིན། རིག་གསར་གྱི་སྐབས་སུ་དགོན་པ་དེ་བཙོན་ཁང་བྱས། བླ་སྤྲུལ་དང་མི་དྲག་མང་པོ་བཙོན་དེར་སྐུ་གཤེགས། དེང་གཟི་རི་ཕུག་གི་དར་མདོ་རྫོང་ཁྲིམས་སྲུང་ཁང་གི་ས་གནས་དེ་ཡིན་ནོ། །

     ས་སྐྱ་དང་ངོར་བ་དགོན་པ་གཉིས་ནི་གཙང་ས་སྐྱ་དང་ངོར་བ་དགོན་པ་གཉིས་ཀྱི་དགོན་ལག་ཡིན། གྲྭ་པ་རྣམས་དགོན་དེ་གཉིས་ལ་གྲྭ་ས་བྱོན་ཞིང་། དགོན་དེ་གཉིས་ཀྱིས་ལོ་གསུམ་རེའི་མཚམས་ནས་དར་མདོའི་དགོན་ལག་གཉིས་པོ་ལ་མཁན་པོ་རེ་རེ་མངགས་པའི་སྲོལ་མཆིས་སོ། །དེང་དགོན་པ་དེ་གཉིས་ཀྱི་གནས་ཤུལ་ནི་དཀར་མཛེས་ཁུལ་ཡིག་ཚགས་ཁང་གི་གནས་དེ་ཡིན་ནོ། །

དར་རྩེ་མདོ་གྲོང་གི་དགོན་ཁག་བདུན།
ལྔ་མཆོད་དགོན་པ།

     རྡོ་གྲགས་དགོན་ནི་གཙང་ངོར་བ་དགོན་པའི་དགོན་ལག་ཅིག་ཡིན་པ་འདྲ་སྟེ། ས་སྐྱའི་ལམ་འབྲས་བླ་མ་བརྒྱུད་པའི་རྣམ་ཐར་ལས། གདན་རབས་སོ་གཉིས་པ་འཇམ་མགོན་ཚུལ་ཁྲིམས་ལྷུན་གྲུབ་ནི། རབ་བྱུང་བཅུ་གཅིག་པའི་མེ་འབྲུག་སྤྱི་ལོ1676ལོར་དར་རྩེ་མདོའི་སྐུ་དྲག་ཅིག་གི་ཁྱིམ་དུ་འཁྲུངས་ཤིང་། དེ་ནས་རྡོ་གྲགས་སྒར་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅོ་བརྒྱད་སྟེང་ངོར་ཨེ་ཝཾ་ཆོས་ལྡན་དུ་གྲྭ་ས་བྱོན། ཞེས་གསུངས་སོ། །

     གཞན་ཡང་སྒྲོལ་མ་ལྷ་ཁང་དང་ལ་མོ་རྩེ་བདེ་ཆེན་སྟེང་ངམ་གདན་ཐོག་ལྷ་ཁང་། ཕུར་པ་ལྷ་ཁང་། མགོན་པོ་བེར་ནག་གི་ལྷ་ཁང་། གནམ་བདག་ཆོས་ལུགས་ཀྱི་ལྷ་ཁང་སོགས་བཞུགས་སོ། །


  • ལེ་ཚན་སྔོན་མ།:ཏུན་ཧོང་བྲག་ཕུག
  • ལེ་ཚན་རྗེས་མ།:ཁམས་ཕྱོགས་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་ཆབ་དགོན་བྱམས་པ་གླིང་།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10