གདོན་གྱིས་བརླམས་པ།

སྟག་འབུམ་རྒྱལ།        2017-08-16

གདོན་གྱིས་བརླམས་པ།

     ལམ་དུ་ཆས་པ་ནས་བཟུང༌།   ཁོས་སྔ་གཞུག་ཀུན་ཏུ་ལྷ་མོ་སྒྲོལ་མ་ཕྱིར་ལོག་དོན་ཅི་ཡིན་པར་བསམ་བློ་བཏང༌། ཡིན་ནའང་རང་ཉིད་ཡིད་ཆེས་འོས་པའི་རྒྱུ་མཚན་ཞིག་གཏན་ནས་དྲན་རྒྱུ་མི་འདུག  རྒྱུ་མཚན་ཉག་གཅིག་ནི་ཁོ་མོ་རང་ཉིད་དང་འཕྲད་འདོད་པ་དེ་རེད།

    ལྷ་མོ་སྒྲོལ་མ་ཟི་ལིང་དུ་ཡོད་པའི་དོན་དེ་ཞོགས་པའི་དུས་སུ་ཐོས་པ་ཡིན་ཏེ།  སུ་ཡིན་མི་ཤེས་པའི་ཁ་པར་ཡོང་སྟེ།  “ལྷ་མོ་སྒྲོལ་མ་ཕྱིར་ལོག་སྟེ་ཟི་ལིང་དུ་ཐོན་འདུག    ཁོ་མོ་ཁྱོད་ལ་འཕྲད་འདོད་ཀྱིན་འདུག”ཟེར།

   ཁ་པར་དེས་ཁོ་རང་རེ་ཞིག་ཧང་ཧང་བོར་གྱུར་ཏུ་བཅུག་ཅིང༌།  རེ་ཞིག་ཅི་ཞིག་བཤད་འོས་པའང་མ་རྟོགས་པར།  “ཁྱོད་སུ་ཡིན”ཞེས་དྲིས་པ་ན།   ཕ་རོལ་བས་ལན་གཞན་མི་གདབ་པར་ཁ་པར་གྱི་སྒོ་གཏན་བྱུང༌། 

    ཁོས་ཁ་པར་གྱི་ཨང་གྲངས་ལ་བསྐྱར་ལྟ་ཞིག་བྱས་པ་ན།  གྲངས་ཨང་ཆ་མེད་ཅིག་རེད་འདུག་པས།   ཡང་བསྐྱར་ཨང་གྲངས་དེའི་སྟེང་ལ་ཁ་པར་ཐེངས་འགར་བཏང་ཡང༌།  མཇུག་འབྲས་ཚང་མ་གཅིག་མཚུངས་ཡིན་པ་སྟེ།  ཁ་པར་ནང་གི་རྒྱ་མོ་དེས་ཕ་རོལ་བོར་བརྡ་རྟགས་མེད་པའི་རང་བྱུང་གི་སྐད་ཆ་དེ་བཤད་བྱུང༌།  ཁོ་རང་རང་དབང་མེད་པར་བསམ་གཞིག་གི་ཀློང་དུ་བྱིང་ནས་ནངས་ཇའང་འཐུང་མི་འདོད་པར་གྱུར། 

    ད་སྔོན་ཁ་པར་གཏོང་མཁན་ནི་སྐྱེས་པ་ཞིག་ཡིན་པ་སྟེ།   སྐད་ཀྱི་གདངས་ལ་ཉན་ན་ཕལ་ཆེར་ལོ་སུམ་ཅུ་ལྷག་ལ་སོན་ཡོད་པ་དང་མཚུངས་མོད། སུ་ཡིན་འདི་ཡིན་གྱི་ཚོད་དཔག་བྱ་ཡུལ་ཞིག་གཏན་ནས་མི་འདུག  ཡིན་ནའང་སྐད་ཆའི་ནང་དོན་ལ་གཞིགས་ན་ལྷ་མོ་སྒྲོལ་མ་དང་ཁོ་གཉིས་བར་གྱི་འབྲེལ་བར་ཆ་རྒྱུས་གསལ་བོ་ཡོད་མཁན་ཞིག་ཡིན་འདུག

    ཆུང་མས་ཁོའི་རྒྱུན་ལྡན་མིན་པའི་རྣམ་འགྱུར་དེ་མཐོང་ནས།  ཧ་མ་གོའི་མིག་མདངས་ཀྱིས་ཁོ་ལ་ལྟ་བཞིན།  “ནངས་ཇ་མ་འཐུང་ན་ཕོ་བར་བསྣད་ངེས་རེད།   ད་སྔོན་ཁ་པར་གཏོང་མཁན་དེ་སུ་རེད”ཅེས་དྲིས།

    ཁོས་ཀྱང་ཆུང་མས་རང་ཉིད་ཀྱི་བདེ་ཐང་ལ་བསམ་གྱིན་པ་མི་རྟོགས་པས།   དེ་མུར་ལུས་པོ་ཀྲོང་བོར་བསྡད་དེ་ཁོ་མོའི་ལག་ནང་གི་དཀར་ཡོལ་ཚུར་ལེན་བཞིན།   “ལས་ཁུངས་ནང་གི་མི་ཞིག་རེད།  དེ་རིང་གཞི་རིམ་དུ་འགྲོ་དགོས་འདུག”ཅེས་རྫུན་ལབ་དགོས་བྱུང༌།

    ཆུང་མ་ཧ་ཅང་ཡིད་མི་ཆེས་པ་ལྟར་གྱུར་སོང༌།  “ཨ་ཙི་ཨ་ཙི།   དེ་རིང་རེས་གཟའ་སྤེན་པ་མ་ཡིན་ནམ།   ད་དུང་ངལ་གསོ་རུ་མི་གཞུག་གམ”ཞེས་དྲིས། ཁོས་མགོ་བོ་འཕྲེད་དུ་གཡུག་གིན།  “གོང་རིམ་གྱི་བཀའ་རེད་པས་ཐབས་བཀོད་ཅི་ཡོད་དམ ”ཞེས་རང་ཉིད་ཀྱང་མགོ་ན་བཞིན་པའི་ཚུལ་བསྟན།

    ཁོས་གང་མྱུར་ངང་ནངས་ཇ་བཏུང་རྗེས་འབྲོག་ཁུལ་དུ་ལམ་ལ་ཆས།  ཁོའི་འཚབ་འཚུབ་ཀྱི་རྣམ་པ་དེས་ཆུང་མའི་མིག་མདངས་ཇེ་རྣོ་རུ་གྱུར་སོང༌།   ཧ་ཅང་གཟབ་གཟབ་ངང་ཁོའི་སྤྱོད་སྟངས་ཕྲ་མོ་རེ་རེར་ཞིབ་ལྟ་བྱེད་ཀྱིན་འདུག་ཀྱང༌།  ཁོས་དེ་དག་ལ་དོ་སྣང་ཅི་ཡང་མ་བྱས།   ངོ་མ་བཤད་ན་ཁོས་ད་ལྟ་སེམས་ནང་དུ་དྲན་རྒྱུ་ཉག་གཅིག་ནི་ལྷ་མོ་སྒྲོལ་མ་ཕྱིར་ལོག་ཡོང་དོན་ནི་     རང་ཉིད་འཕྲད་འདོད་པ་ཁོ་ན་ཡིན་ཞིང༌།  ཁོ་ལའང་ལྷ་མོ་སྒྲོལ་མར་མྱུར་མོར་འཕྲད་འདོད་པའི་ཀུན་སློང་ཞིག་ཆུ་ལོག་བཞིན་དུ་བརྡོལ་ཡོང་སྟེ་སྐད་ཅིག་ཙམ་ལ་ཡང་འདུག་མི་བཟོད་པར་གྱུར།

    རང་ཁྱིམ་ནས་སྒོར་བུད་པ་ནས་བཟུང་ཁོའི་སྣང་ངོར་ཕལ་ཆེར་མི་ཞིག་གིས་གྲུ་ག་གང་རུང་ཞིག་ཏུ་ཁོ་ལ་ལྟ་རྟོག་བྱེད་ཀྱིན་འདུག་པ་ལྟར་སྣང་ཡང༌།   འགྲོ་ཞོར་དུ་རྐུན་མར་དོགས་ཀྱིན་པ་ལྟར་གཡས་གཡོན་མདུན་རྒྱབ་ཀུན་ཏུ་མིག་གིས་གཟབ་ལྟ་བྱས་ཀྱང་མཐོང་རྒྱུ་ཅི་ཡང་མི་འདུག   མུ་མཐུད་དུ་མདུན་ཕྱོགས་སུ་བསྐྱོད་པ་ན།   སྔར་བཞིན་མིག་ཅིག་གིས་གྲུ་ག་གང་རུང་ཞིག་སྟེ།   དྲ་སྒོའི་ནང་ངམ།   ཁང་བའི་ཟུར་རམ།   སྡོང་བོའི་ཕག་ཅིག་ཏུ་ཁོ་ལ་ལྐོག་ལྟ་བྱེད་ཀྱིན་ཡོད་པ་ལྟ་བུའི་ཚོར་སྣང་ཞིག་སྐྱེས་པས།   མུ་མཐུད་དུ་རྒྱབ་ཕྱོགས་སུ་ལྟ་མ་ཕོད་པར་རླངས་འཁོར་ས་ཚིགས་སུ་ཧུར་བསྐྱོད་བྱས།   སྐབས་འདིར་ཁོའི་སེམས་ལ་གཞི་ནས་རང་ཉིད་ནི་དོགས་ཡོད་ཉེས་ཅན་ཞིག་ཡིན་པའི་ཚོར་སྣང་ཞིག་སྐྱེས་ཡོང༌། 

    ཞོགས་པའི་དུས་ཀྱི་མཁའ་དབུགས་ནི་ཧ་ཅང་གྲང་མོ་ཡིན་ཞིང༌།  སྲང་ལམ་དུ་འགྲོ་འོང་བྱེད་པའི་མི་ཧ་ཅང་ཉུང་བས་དབེན་འཇགས་སེར་སྣང༌།   ལན་རེར་མི་རེ་གཉིས་ལ་འཕྲད་པ་ན།   མི་དེ་དག་གིས་ཧ་ཅང་ཡིད་མི་ཆེས་པའི་མིག་འོད་ཀྱིས་ཁོ་ལ་གཟབ་ལྟ་བྱེད་ཀྱིན་འདུག་ཅིང༌།  དེའི་ནང་དོན་ནི་ཁྱོད་རང་གཟའ་སྤེན་པའི་སྔ་མོར་ཡང་ཅི་ཞིག་ལ་བྲེལ་ཡོད་དམ་ཞེས་འདྲི་བཞིན་པ་ལྟར་སྣང་བས།  ཁོས་མི་དེ་དག་གི་མིག་འོད་མ་མཐོང་བ་ལྟར་མིག་གི་ལྟ་ཕྱོགས་ཕྱོགས་གཞན་ཞིག་ཏུ་བསྒྱུར་ནས་གང་མྱུར་ངང་ཁོ་ཚོ་དང་གཡོལ་ཐབས་བྱས།  རླངས་འཁོར་ས་ཚིགས་སུ་བསླེབས་པ་ན།  ས་གནས་ཀུན་ཏུ་འགྲོ་བའི་འགྲུལ་བཞུད་རླངས་འཁོར་དག་གིས་གཟའ་སྤེན་པའི་ཉིན་མོ་ཡིན་མིན་ལ་དོ་སྣང་ཅི་ཡང་མི་བྱེད་པར།   རང་རང་གི་དམིགས་བྱའི་ཡུལ་དུ་འགྲོ་བར་སྟ་གོན་བྱེད་ཀྱིན་འདུག་ཅིང༌།   ཟི་ལིང་དུ་འགྲོ་བའི་རླངས་འཁོར་ཡང་ཏག་ཏག་ལམ་ལ་ཆས་གྲབས་འདུག་པས། ཁོ་རང་མྱུར་སྟབས་ཀྱིས་རླངས་འཁོར་གྱི་ནང་དུ་སོང་།  

    རླངས་འཁོར་ནང་གི་འགྲུལ་བ་ཚང་མས་ཀྱང་ཁོ་ལྷ་མོ་སྒྲོལ་མར་ལྐོག་འཕྲད་བྱེད་དུ་འགྲོ་བཞིན་པ་རྟོགས་ཡོད་པ་ལྟར།   མིག་འོད་མང་པོ་དེ་མ་ཐག་མདའ་མོ་བཞིན་སྐད་ཅིག་ཉིད་ལ་ཁོའི་ངོ་གདོང་ལ་རུབ་བྱུང་བས།    ཁོ་ཧ་ཅང་འོས་མེད་དུ་གྱུར་ཅིང་གདོང་སྐྱི་ཡོངས་རྫོགས་རང་དབང་མེད་པར་ཚ་ལམ་ལམ་དུ་གྱུར། 

   “ཨ་རོག   ཁྱོད་གང་ཞིག་ཏུ་འགྲོ་བ་ཡིན།”

    གློ་བུར་དུ་ཁོའི་གཡོན་གཞོགས་སུ་ཡོད་པའི་མི་ཞིག་གིས་སྐེ་ཚུར་བསྲིངས་ཏེ་དེ་ལྟར་དྲིས་བྱུང་བས།   ཁོ་རང་དབང་མེད་པར་ཧད་སེར་བཏང་བྱུང༌།  ཁོས་ཧུར་ཐག་དང་ཐེ་ཚོམ་ངང་མིག་འོད་དེ་ཕྱོགས་སུ་བསྒྱུར་དུས།   མི་དེ་ནི་ད་ལྟ་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་རྒད་པོ་ངོ་ཤེས་ཤིག་རེད་འདུག

    ཁོ་ཅུང་འཚབ་འཚུབ་ཏུ་གྱུར་ཏེ།  “འོ།    ང་ཟི་ལིང་དུ་གཞུང་དོན་ཞིག་གི་ཆེད་དུ་འགྲོ་བ་ཡིན”ཞེས་ལན་བཏབ།

   “འོ།  དེ་འདྲ་ཡིན་ནམ།” 

    རྒད་པོས་ཚུར་བསྲིངས་ཡོད་པའི་སྐེ་ཕྱིར་བསྐུམས་ཏེ་རང་ཉིད་ཀྱིས་ཚོད་དཔག་བྱེད་ནོར་སོང་བ་ལྟ་བུའི་ཕངས་སེམས་ཀྱི་ཉམས་ཤིག་བསྟན་བྱུང་ལ།   དེ་དང་ལྷན་དུ་ཁོའི་ངོ་གདོང་དུ་ཟུག་ཡོད་པའི་མིག་འོད་ཕལ་ཆེ་བ་ཡང་ཡིད་ཆེས་པར་གྱུར་བ་བཞིན་འཕྲོ་རིམ་འཕྲོར་ཕྱིར་བསྡུས་སོང༌།  ཡིན་ནའང་ཁོ་རང་ཉིད་ཀྱིས་བཤད་པའི་སྐད་ཆ་དེར་ཡིད་ཧ་ཅང་མི་ཚིམས་པར་གྱུར།   གཟའ་སྤེན་པའི་ཉིན་མོར་ལས་ཁུངས་ཆེ་ཆུང་ཚང་མས་ངལ་གསོས་ཡོད་པས་གཞུང་དོན་ཞིག་བསྒྲུབ་ནུས་སམ།   གཟའ་ཟླ་བའི་ཉིན་སོང་སྟེ་གཞུང་དོན་བསྒྲུབས་ཏེ་ཕྱིར་ལོག་ཆོག་པ་རེད་ལ།   མ་མཐའ་ཡང་གཟའ་ཉི་མའི་ཉིན་སོང་སྟེ་གཟའ་ཟླ་བའི་ཉིན་གཞུང་དོན་བསྒྲུབ་ཀྱང་ཆོག་པ་རེད། འོན་ཀྱང་མི་ཚང་མས་མུ་མཐུད་དུ་དེ་དོན་ལ་རྩད་གཅོད་བྱས་མ་བྱུང༌། 

    དེར་བསྟུན་ནས་ཁོས་ཀྱང་མིག་གིས་ཕར་ལྟ་ཚུར་ལྟ་ཞིག་བྱས་པ་ན།   མདུན་ཕྱོགས་སུ་འདུག་སྟེགས་སྟོང་བ་འགའ་འདུག་ཀྱང༌།   དེ་གར་བསྡད་ཚེ་མི་ཚང་མའི་མཐོང་ལམ་གྱི་ཚོད་དཔག་བྱ་ཡུལ་དུ་གྱུར་ཡོད་པ་ལྟར་སྣང་བས།  ཁོས་མགོ་བོ་དུད་བཞིན་རྒྱབ་ཕྱོགས་སུ་བཙངས་ཏེ་སྡོད་མི་མེད་པའི་ཆེས་རྗེས་མའི་གྲལ་བསྟར་དེའི་སྟེང་དུ་བསྡད།  དེ་གའི་གྲལ་བསྟར་ཧྲིལ་བོ་སྟོང་བ་ཡིན་པས་ཁོ་རང་གཅིག་པུར་དབང་འདུག་པའི་ཁར།    ད་དུང་མི་ཚང་མས་ཕྱི་མིག་གིས་ཁོ་ལ་གཟབ་ལྟ་བྱ་མི་སྲིད།   ཁོའི་སེམས་ཁམས་ཀྱང་གཞི་ནས་བདེ་ལ་བབས་སོང་བའི་སྣང་བ་སྐྱེས། 

    རླངས་འཁོར་གྱིས་གསིག་འཐེན་ཞིག་བྱས་པ་དང་མཉམ་དུ་ལམ་ལ་ཆས་བྱུང་ལ།   དེ་དང་ལྷན་དུ་འཁོར་ཁང་ཀླད་པའི་གཤམ་དུ་དཔྱངས་ཡོད་པའི་བརྙན་འཕྲིན་འཕྲུལ་ཆས་ཀྱང་གཏོང་མགོ་བརྩམས་བྱུང༌། 

    ཁོས་སླར་ཡང་ལྷ་མོ་སྒྲོལ་མའི་ཕྱོགས་སུ་བསམ་བློ་བཏང༌།   ཁོ་མོ་ལྷ་སར་སོང་ནས་ལོ་བཅུ་ཕྲག་ཙམ་འགོར་ཟིན་ཞིང༌།   ད་ལྟ་ཡུལ་དུ་གཉེན་ཚན་གཅིག་ཀྱང་མེད་པས།  ཕྱིར་ཡོང་དོན་ལ་རྒྱུ་མཚན་གཞན་ཅི་ཡང་བཤད་རྒྱུ་མི་འདུག   ཁོ་མོ་ཆེད་དུ་ཁོ་ལ་བལྟ་རུ་ཡོང་བ་ཡིན་རྒྱུ་རེད་སྙམ་མུར་ཁོག་པའི་ནང་དུ་གར་ཡོང་མི་ཤེས་པའི་དྲོད་ཁོལ་ཞིག་ཀྱང་རྒྱས་པར་གྱུར།   ཁོའི་སེམས་ཀྱི་ངོས་སམ་རྨི་ལམ་གྱི་གཏིང་རུམ་ཞིག་ཏུ།   ལྷ་མོ་སྒྲོལ་མས་ད་ལྟ་ལག་པས་རེག་མི་ཐུབ་པའི་ཧ་ཅང་རྒྱང་རིང་ཞིག་ཏུ་ཁོ་ལ་རེ་འབོད་ཀྱི་གཡབ་མོ་བྱེད་ཀྱིན་ཡོད་པ་དང་མཚུངས་ལ།   ཡང་ཁ་རླངས་ཀྱི་མངར་ཁ་དྲོན་མ་ཡང་ངོ་གདོང་གིས་མྱོང་ཐུབ་པའི་ཆེས་ཐག་ཉེ་ས་ཞིག་ནས་ཁོ་ལ་སྙིང་ཉེ་བའི་གསང་གཏམ་བརྗོད་པ་དང་ཡང་འདྲ།  ཁོའི་སེམས་ལ་དཔྱིད་ཀར་སླེབས་པ་ལྟ་བུའི་དྲོད་ཁོལ་ཞིག་རྒྱས་བཞིན་མདུན་ཐད་ཀྱི་བརྙན་འཕྲིན་ལ་བལྟས།

    བརྙན་འཕྲིན་འཕྲུལ་ཆས་ལས་གཏོང་གིན་པའང་བྱང་ཁོ་རེ་ཡའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་འདུག་ཅིང༌། བརྙན་འཕྲིན་གྱི་བརྗོད་བྱ་ནི་བཟའ་ཟླ་ཡོད་པའི་སྐྱེས་པ་ཞིག་གིས་ཕྱི་ནས་འཕྱོན་མ་འཚོལ་བཞིན་པའི་གཏམ་རྒྱུད་དེ།    ཁོས་ཁྱིམ་དུ་ཆུང་མར་ཕྱི་རྒྱལ་དུ་ཚོང་དོན་དུ་འགྲོ་བའི་རྫུན་ལབ་སྟེ།  ཕྱི་རོལ་ཀྱི་མགྲོན་ཁང་ཆེན་མོ་ཞིག་ཏུ་ཁང་བ་གླས་ཏེ་འཕྱོན་མ་དག་ལ་འདོད་དགར་རོལ་བཞིན་པའི་སྣང་བརྙན་དེ་རེད། སྣང་བརྙན་དེ་དག་མཐོང་བས།   རླངས་འཁོར་ནང་གི་བོད་མི་རྒན་པ་ཞིག་གིས་རྒྱ་སྐད་ཀྱིས།  “ཕའེ།  ལྟ་སྲོལ་མི་འདུག”ཟེར་ནས་ཁ་ལོ་བར་བརྙན་འཕྲིན་གཟིམ་རོགས་ཀྱི་སྐད་ཅོར་བརྒྱབ།

    བརྙན་འཕྲིན་ནང་དུ་འཐིམས་ཡོད་པ་ལྟ་བུའི་རྒྱ་མོ་ཞིག་གིས་འགྲམ་ནས།  “ཁྱོད་ཀྱིས་བལྟ་མི་འདོད་ན་མ་བལྟ་དང་ཆོག་པ་རེད།  བལྟ་འདོད་པའི་མིའང་ཡོད་པ་རེད”ཟེར།

    བོད་མི་རྒད་པོ་དེར་ཐབས་ཟད་སོང་བ་འདྲ།  བོད་སྐད་ཀྱིས“ངོ་མ་ངོ་ཚ་ཟེར་བ་མི་འདུག”ཟེར།

ད་སྔོན་སྐད་ཆ་བཤད་པའི་རྒྱ་མོ་དེའང་རྒྱ་མོ་ཞིག་མ་ཡིན་པར་བོད་མོ་ཞིག་ཡིན་འདུག   མོས་རྒད་པོས་སྡིགས་མོ་བྱེད་པའི་སྐད་ཆ་དེ་ཐོས་ནས་མཆེ་བ་གཙིགས་ཏེ“ང་ལ་ངོ་ཚ་མེད་དེ་ཅི་བྱས་སོང༌།  ཁྱོད་དང་མཉམ་དུ་ཉལ་བ་རེད་དམ”ཟེར།

    རྒད་པོ་ནི་བརྙན་འཕྲིན་ནང་གི་བརྙན་རིས་ལ་ངོ་གནོང་བའམ་བུད་མེད་དེའི་སྐད་ཆ་ལ་ངོ་གནོང་བ་གང་ཡིན་མི་ཤེས་མོད།   སྐེ་གཅུ་ཙམ་བྱས་ཏེ་ཕྱི་རོལ་ཀྱི་ཡུལ་ལྗོངས་ལ་ལྟ་བཞིན་མ་ཎི་བཏོན་ཏེ་བསྡད་བྱུང༌།

    བུད་མེད་དེས་ད་དུང་ཁྲོང་ཁྲོ་མ་དྭངས་ཏེ་ཆིག་ལབ་རྒྱག་པ་ལྟར།   “ད་ལྟའི་དུས་རབས་འདི་འདྲ་ཡིན་པ་རེད།   ཁྱོད་ཀྱིས་དུས་རབས་ཀྱི་རྗེས་མ་ཆོད་ན་སྡུག་གྱོང་རེད”ཟེར།

    རྒད་པོ་བརྙན་འཕྲིན་ལ་ངོ་གནོང་པ་ཡང་ཁག་མི་འདུག་པ་འདྲ།   ད་ལྟ་བརྙན་འཕྲིན་ནང་དུ་འཆར་གྱིན་པ་ནི་སྐྱེས་པ་དེས་ཁང་བའི་ནང་དུ་འཕྱོན་མ་ཞིག་དང་འདོད་སྦྱོར་གྱི་ལས་ལ་ཞུགས་ཀྱིན་པའི་བརྙན་རིས་རེད། 

    ཁོའང་རྒྱ་མོའམ་བོད་མོ་དེ་དང་ལྷན་དུ་བརྙན་འཕྲིན་གྱི་ནང་དུ་འཐིམས་སོང༌།   ཁོའི་སེམས་སུ་རང་ཉིད་ཀྱང་བརྙན་འཕྲིན་དེ་ལ་རྒྱུས་མངའ་གསལ་བོ་ཡོད། དེ་ནི་ལྷ་མོ་སྒྲོལ་མ་དང་ཁོ་གཉིས་ཀ་ཡིན་པའི་སྣང་བ་སྐྱེས།  བལྟས་ཀྱིན་བལྟས་ཀྱིན་དུ་བརྙན་འཕྲིན་ནང་གི་ཕོ་མོ་དེ་གཉིས་ཞག་གང་བོར་མལ་ཁྲི་ཆེན་པོ་དེའི་སྟེང་དུ་ཉལ་ཞིང༌།  དར་གོས་ལྟ་བུའི་ལྷ་མོ་སྒྲོལ་མའི་ལུས་པོར་འཁྱུད་སྣང་ཤར། 

    ཁོ་ད་ལྟ་མལ་ཁྲིའི་སྒང་དུ་ཁེན་ནས་མིག་ཟུང་གཡོ་བ་མེད་པར་ལྷ་མོ་སྒྲོལ་མ་ལུས་རྗེན་དུ་ཁྲུས་ཁང་དུ་འགྲོ་བའི་སྣང་བརྙན་ལ་བལྟས།    ཧ་ཅང་གཉོམ་པའི་གློག་འོད་ཀྱི་ངོགས་སུ།  ཕྲ་ཞིང་རིང་ལ་དཀར་ཞིང་འཚེར་བའི་བུད་མེད་ལུས་གཟུགས་དེ་འཆར་ཡན་གྱི་རི་མོ་ཞིག་གམ།   སྤྲིན་ཁྲོད་ཀྱི་འཇའ་རིས་ཤིག་དང་འདྲ་བར་འགྱུར་ལྡོག་ངེས་མེད་ཁྲོད་དལ་བ་དལ་བུར་ཁྲུས་ཁང་ཕྱོགས་སུ་བསྐྱོད་སོང༌།   ཁོ་མོ་བསྐྱོད་བཞིན་དུ་བུམ་པ་ལྟ་བུའི་སྐེ་ཕྱིར་སྐྱོག་སྟེ་མིག་གཡོན་པ་ཆེད་དུ་རྡེབ་ཙམ་བྱས་ཏེ་ཁོ་མོ་སླར་ཡོང་ངེས་པའི་གྱེས་བརྡ་གཏོང་བར་བྱེད།    མཇུག་མཐར་ཁྲུས་ཁང་གི་སྒོ་ཐག་གེར་བརྒྱབ་པ་དེས་ཁོའི་མིག་མདུན་གྱི་མངོན་སུམ་གྱི་རྨི་ལམ་གཟིམས་པར་གྱུར།

    ཁོས་ལག་ཟུང་མགོ་ལྟག་ཏུ་བཞག་ཅིང༌།  ཕུན་ཚོགས་དང་བདེ་སྐྱིད་ངང་ལྷ་མོ་སྒྲོལ་མས་ཁྲུས་བྱེད་པའི་སྒྲ་ལ་ཉན་འདོད།  ཁྲུས་ཆུ་འབབ་པའི་སྒྲ་ཤག་ཤག་ཏུ་གྲག་བྱུང༌།  ཁོས་སེམས་གཟབ་མོས་ཁྲུས་ཁང་དུ་སྨུག་པ་ལྟ་བུའི་དྲོད་རླངས་ཐོལ་གྱིས་འཕྱུར་གྱིན་པ་དང༌།   མུ་ཏིག་བཞིན་འཐོར་བའི་ཆུ་ཐིགས་ཀྱིས་སྙི་མོའི་ལུས་ལ་བར་མེད་དུ་རྡེག་པ།  ཕྲ་ཞིང་འཇམ་པའི་མཛུབ་མོ་བྲང་ངོས་སུ་དལ་བུར་ཤུད་འགྲོས་བྱེད་པ།  རྒྱ་ལྕང་ལྟ་བུའི་སྐྲ་ལོ་ཕྲག་པའི་གཡས་གཡོན་དུ་རྦབ་ཆུ་བཞིན་འབབ་པ་སོགས་ལ་ཀུན་རྟོག་བྱས།

    རེ་ཞིག་འགོར་སོང༌།  ཁྲུས་ཁང་གི་ཆུའི་ཤག་སྒྲ་གློ་བུར་དུ་མཚམས་བཞག་ཅིང༌།  སང་སྒྲ་ཡང་མོ་ཞིག་གྲག་བྱུང་བས།   ཁོ་གཞི་ནས་མལ་ཁྲིའི་སྒང་ནས་ཡར་ཙོག་པ་དང༌།  སྔས་སྒམ་སྟེང་གི་ཐ་མག་བླངས་ཏེ་རྐང་གཅིག་ལ་མེ་སྒྲོན།  དུ་བའི་ཤུགས་དང་བསྟུན་ནས་ཁོས་མུ་མཐུད་དུ་ཁོ་མོའི་གྱ་ནོམ་པ་ཡོད་ཚད་ལ་ལག་པས་མྱངས་པ་ལྟ་བུས་རོལ་མྱོང་བྱས།   ཐ་མག་རྐང་ཕྱེད་ཙམ་བརྔུབས་ཚར་བའི་སྐབས་དེར།   ལྷ་མོ་སྒྲོལ་མས་མགོ་དང་སྐེད་པ་ལག་ཕྱིས་དཀར་བོ་ཞིག་གིས་གཅུད་ཅིང་འདྲུད་ལྷམ་གོན་ནས་ཕྱིར་བུད་དེ་སླེབས་བྱུང༌།  ལྷ་མོ་སྒྲོལ་མས་ཁོའི་བཟོ་ལྟར་བལྟས་ནས་ཧ་ཅང་ཞིམ་པའི་འཛུམ་ཆུང་ཞིག་བསྟན་བྱུང༌།   ཁོས་ཁོ་མོའི་འབུར་གཤོང་མི་སྙོམས་ཤིང་ཡིད་སེམས་སྲེག་པར་བྱེད་པའི་སྐྱེ་གཟུགས་ལ་ཕུར་ཚུགས་སུ་བལྟས་ནས་ཧོན་འཐོར་བ་ལྟར་བསྡད།

     ཏག་ཏག་སྐབས་དེར།   ཁོའི་བྲང་ཁུག་ལས་ལག་འཁྱེར་ཁ་པར་གྱི་དྲིལ་བརྡ་གྲག་བྱུང༌།  ཁོས་མྱུར་སྟབས་ངང་ཁ་པར་བླངས་ནས་སྒོ་ཕྱེས་བ་ན།   ནང་དུ་ཤར་བའི་ཨང་གྲངས་ནི་ཞོགས་པར་ཡོང་བའི་ཁ་པར་དེ་དང་འདྲ་བར་ཆ་མེད་ཅིག་རེད་པས།  ཁོས་མྱུར་དུ་དང་ལེན་བྱས་རྗེས་ཁ་པར་རྣ་རྩར་སྦྱར།    “ཝེ།   ཁྱོད་སུ་ཡིན”ཞེས་དྲིས། 

     བསམ་ཡུལ་ལས་འདས་པ་ཞིག་ལ།   ཕ་རོལ་བོ་ནི་ལོ་ན་སུམ་ཅུ་ལྷག་ལོས་ཡིན་སྙམ་པའི་སྐྱེས་པ་དེ་མ་ཡིན་པར། དེ་ལས་ལྡོག་སྟེ་ལོ་སུམ་ཅུར་སོན་མེད་པ་པ་ལྟ་བུའི་བུད་མེད་ཅིག་གི་སྐད་རེད།   ཁོ་མོ་ལྷུག་ལྷུག་ཏུ་དགོད་བཞིན།  “ཧི་ཧི་ཧི།  ང་སུ་ཡིན་པ་མི་ཤེས་སམ།   ང་ནི་ལྷ་མོ་སྒྲོལ་མ་ཡིན་ཡ།”ཟེར།

     ཁོའི་གློ་སྙིང་ཐོལ་གྱིས་འཕྱོ་ཙམ་བྱས་ཤིང༌།  དེ་དང་ལྷན་དུ་ཡ་ཆུང་ཁོག་ཏུ་ཚ་དྲོད་ཅིག་དྲག་ཏུ་འབར་བྱུང༌། “ཁྱོད་ཀྱི་ཁ་པར་ཨང་གྲངས་བོར་ཟིན་འདུག་པས་ཤེས་མ་བྱུང༌།   ཁྱོད་ཟི་ལིང་ན་ཡོད་དམ།”ཞེས་དྲིས་རྗེས།   ཁོ་མོ་ཟི་ལིང་ན་ཡོད་པ་སེམས་གཏིང་ནས་ཁག་ཐེག་བྱས་ཤིང༌།  སླར་ཡང་རླངས་འཁོར་ནང་གི་མི་རྣམས་ཀྱིས་ཐོས་ཨེ་སོང་སྙམ་སྟེ།   མིག་གིས་འགྲམ་རོལ་ཀུན་ཏུ་ལྟ་ཉུལ་ཞིག་བྱས་ཤིང་སྐད་མགོ་ཇེ་དམའ་ལ་བཏང༌།

     ཁོ་མོ་སྔར་བཞིན་སྤྲོ་སྣང་གིས་དགོད་བཞིན་འདུག  “མེད།   ང་ལྷ་ས་ན་ཡོད།   ངས་དེ་སྔོན་ང་ལྷ་ས་ན་ཡོད་ཅེས་བཤད་པ་བརྗེད་སོང་ངམ”ཟེར།

     ཁོའི་སེམས་ཅུང་བློང་བློང་བོར་གྱུར་ཏེ།  “བརྗེད་སོང་བ་མིན།  འོན་ཀྱང་ཁེ་ཉིན་གྲོགས་པོ་ཞིག་གི་ངག་ནས་དེ་འདྲ་ཞིག་ཐོས་བྱུང༌།   ངས་ཨེ་བདེན་ནམ་སྙམ་པ་ཡིན”ཞེས་བཤད་རྗེས།  ཁོ་མོས་ཁ་པར་ནང་ནས་ཀུ་རེ་རྩེ་བཞིན་འདུག་སྙམ།

     ལྷ་མོ་སྒྲོལ་མ་སྔར་བཞིན་ལྷུག་ལྷུག་ཏུ་བགད་བྱུང༌།  བཟོ་ལྟར་བལྟས་ན་ད་ལྟ་ཁོ་མོའི་སེམས་ཧ་ཅང་སྐྱིད་ཡོད་པ་འདྲ།  “དེ་ནི་གང་བྱུང་དུ་བཤད་པ་རེད།   ང་ནི་ད་བར་དུ་ལྷ་ས་ནས་བསྡད་པ་ཡིན།  གཟའ་འཁོར་སྔོན་མའི་ནང་གཉེན་སྒྲིག་བྱས་ཟིན་ལ་སང་ཉིན་ནང་ལོགས་སུ་སྤྲོ་བསང་དུ་འགྲོ་རྩིས་ཡོད།  ཁྱོད་རང་གཉེན་སྟོན་སྟེང་དུ་མགྲོན་འབོད་མ་ཐུབ་པས་ཆེད་དུ་ཁ་པར་འདི་བཏང་བ་ཡིན།  དགོངས་པ་མ་ཚོམ  བདེ་མོ་བྱོས”ཟེར།

    “བདེ་མོ་བྱོས།”

     ཀུ་རེ་མིན་པའི་སྐད་ཆ་དེས་ཁོའི་སེམས་སྐད་ཅིག་ཉིད་ལ་རྩ་བ་ནས་འཁྱག་པོར་གྱུར་དུ་བཅུག་སོང་བར་མ་ཟད།  དོན་དག་ཅི་ཞིག་བྱུང་སོང་བའང་མི་ཤེས་པར་གྱུརཏེ“བདེ་མོ་བྱོས”ཞེས་པའི་སྐད་ཆ་དེའང་སྲོག་མེད་ཀྱི་བེམ་པོ་ཞིག་དང་འདྲ་བར་ཐང་ལ་ལྷུང་སོང༌།  ཁོས་ཡུན་རིང་ཙམ་ལ་ཅི་ཡང་མི་ཤེས་པར་གྱུར༌།   ཁོས་ཤེས་པ་ནི་རང་ཉིད་ལ་ཀུ་རེ་ཞིག་གིས་མགོ་སྐོར་ཐེབས་པ་དེ་རེད།  ཁོས་ཤེས་པ་ནི་ཀུ་རེ་དེ་ཧ་ཅང་གདུག་རྩུབ་ཆེ་བ་དེ་རེད། ཁོས་ཡོད་ཚད་ཀྱང་ཀུ་རེ་ཞིག་མིན་པའི་རེ་བ་བྱས།  མཇུག་མཐར་ཁོས་མཉམ་འཇོག་བྱེད་དུས་རླངས་འཁོར་སྔར་བཞིན་ཁོས་ལྷ་མོ་སྒྲོལ་མ་དྲན་གྱིན་པའི་སེམས་པ་ལྟར་ཟི་ལིང་གི་ཕྱོགས་སུ་མཆོངས་རྒྱུག་བྱེད་ཀྱིན་པ་དེ་རེད།  ཁོ་ཧར་གྱིས་ཡར་ལངས་ཏེ་ཁ་ལོ་བར་རླངས་འཁོར་སྡོད་རོགས་ཞུས། 

     རླངས་འཁོར་སྡོད་ཁོམ་མ་བྱུང་བར་ཁོ་རང་སྔོན་དུ་འཚངས་ནས་འགྲོ་དུས།   ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ངོ་ཤེས་རྒད་པོ་དེ་ཧ་ཅང་ཡ་མཚན་པར་གྱུར་ཏེ།  “དོནདག་ཅི་ཞིག་བྱུང་སོང་བ་རེད”ཅེས་དྲིས་བྱུང༌། ཁོས་རྒད་པོའི་དྲི་བ་དེ་གཏན་ནས་ཐོས་མ་བྱུང༌།  ཐ་ན་ཁོའི་ཕྱོགས་སུ་ལྟ་ཙམ་ཡང་མ་བྱས།    འོན་ཀྱང་ཁོ་མུ་མཐུད་དུ་སྔོན་ལ་འཚངས་བཞིན་དྲི་བ་དེར་ལན་འདེབས་པ་ལྟར།  “”ངས་དངོས་པོ་ཞིག་བརྗེད་སོང་འདུག་ཟེར། ཐེངས་འདིར་ཡོད་ཚད་ཀྱིས་ཁོ་ལ་རྒྱུས་ལོན་བྱས་སོང་བར་མ་ཟད།  ཧ་ཅང་རྣོ་བའི་མིག་འོད་ཀྱིས་ཀྱང་བལྟས་མ་བྱུང༌།  ཚང་མས་ཁོ་རང་དོན་མེད་དུ་ལམ་ལྷག་ཡོང་བར་ཧ་ཅང་ཡིད་ཕངས་པའི་གདུང་སེམས་ཀྱང་བཅངས་སོང།  

      རྒད་པོས། “ཨ་ཁ་ཁ།  དེས་ན་མྱུར་མོར་ཕྱིར་རྒྱུགས་དང་ཟེར། 

     “གཞི་རིམ་”ནས་ཕྱིར་ཁྱིམ་དུ་ལོག་མ་ཐག     ཁོ་རང་རྡོ་བ་བཞིན་འབོལ་ཁྲིའི་སྟེང་སྟིག་གེར་ལྷུང་ཞིང༌།  སེམས་ཤུགས་དང་ལུས་ཤུགས་མཉམ་དུ་ཉམས་ནས་ཅི་ཡང་མི་ངེས་པ་ལྟར་གྱུར། ཡིན་ནའང་ཆུང་མས་སྔར་བཞིན་ཇ་ཚ་བོ་གང་ཁོའི་ཕོར་བའི་ནང་བླུགས་ཡོང་སྟེ་མདུན་དུ་བཞག་པ་དང༌།   སླར་ཡང་ནམ་རྒྱུན་ཁོ་ཟ་བར་དགའ་བའི་ཟས་སྡེར་མ་གང་རླངས་པ་དང་བཅས་ཁོའི་མདུན་དུ་བཞག་སྟེ།  “ཁྱོད་ལྟོགས་ཨེ་བྱུང།”    “ངལ་ཨེ་བྱུང༌།”    “ངས་ཁྱོད་ཀྱི་ཕྲག་པའི་སྟེང་དུ་རྡེབ་ཨེ་དགོས”སོགས་ཀྱི་རྣམ་འགྱུར་ཅི་ཡང་བསྟན་མ་བྱུང་ལ་སྐད་ཆ་ཅི་ཡང་བཤད་མ་བྱུང༌། 

མཇུག་མཐར།   ཁོ་རང་ཁོང་ཁྲོ་དང་བཅས་ཡར་ལངས་དུས།   གཞི་ནས་ཁྱིམ་ནང་དུ་རང་ཉིད་གཅིག་པུ་ཡིན་པ་ཚོར།   ཁྱིམ་ནང་ཧ་ཅང་འཁྱགས་པོར་གྱུར་འདུག །


  • ལེ་ཚན་སྔོན་མ།:སྒྲོལ་མའི་ཐང་ཀ
  • ལེ་ཚན་རྗེས་མ།:ཡོང་སྒོ་དང་ཆག་སྒོ།