ཁྱེད་ཀྱིས་ལྕགས་ལ་རྒྱལ་པོའི་སྲིད་འཛིན་གྱི་མངའ་ཁོངས་ཨེ་ཤེས།

མི་ཉག་ཐུབ་བསྟན་ཆོས་དར།        2017-08-08

 ཁྱེད་ཀྱིས་ལྕགས་ལ་རྒྱལ་པོའི་སྲིད་འཛིན་གྱི་མངའ་ཁོངས་ཨེ་ཤེས། 

 ལྕགས་ལ་ལ་སྲིད་འཛིན་གྱི་མངའ་ཁོངས་འདི་དང་འདི་ལྟ་བུར་མངའ་ཞེས་ཁ་ཚོན་གཅོད་པར་དཀའ་སྟེ། གཅིག དུས་རབས་མི་འདྲ་བའི་ནང་དུ་སྲིད་འཛིན་གྱི་མངའ་ཁོངས་ཀྱང་མི་འདྲ་བ་བྱུང་ཡོད་པ་དང་། གཉིས། ལོ་རྒྱུས་ཀྱི་རྒྱུ་ཆ་ཁ་གསལ་མི་བཞུགས་པ་བཅས་སོ།། འདིར་རྒྱ་བོད་ཀྱི་ཡིག་ཆ་དག་ལ་བརྟེན་ནས་མདོ་ཙམ་ཞིག་བརྗོད་ན། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཡ་གྱལ་མི་ཉག་རབ་སྒང་གི་ས་ཆ་ཉག་ཆུ་དང་ཤར་རྒྱལ་མོ་རྔུལ་ཆུ་གཉིས་ཀྱི་བར་ན་གནས་པའི་སྨད་ཀྱི་ཡུལ་ཁམས་རྣམས་ཡིན། སྔོན་རྒྱ་བོད་བར་ཆོས་སྲིད་དང་ཚོང་ལས་སྒྲུབ་པའི་མི་སྣ་རྣམས་ཀྱང་ལྕགས་པའི་རྒྱལ་ས་དར་མདོར་འབབ་ཅིང་། རྒྱལ་པོ་དང་མཇལ་འཕྲད་གནང་ནས་རང་རང་གི་བྱ་བ་རྣམས་བསྒྲུབ་དགོས་ཀྱིན་ཡོད་པས། རྒྱ་བོད་སོགས་ཀྱི་དཔོན་ཆེན་དང་བླ་ཆེན། ཚོང་ཆེན། མི་ཆེན་དག་ཀྱང་ལྕགས་ལའི་རྒྱལ་རབས་རིམ་བྱོན་དང་འབྲེལ་བ་ཤིན་ཏུ་ཆེ་ཞིང་།

ཁྱེད་ཀྱིས་ལྕགས་ལ་རྒྱལ་པོའི་སྲིད་འཛིན་གྱི་མངའ་ཁོངས་ཨེ་ཤེས།

  ལྷག་པར་དུ་རྒྱ་ནག་གོང་མ་ཆིང་རྒྱལ་རབས་ཀྱི་སྐབས་སུ་ཁམས་ཀྱི་རྒྱལ་པོ་མིང་འཛིན་རྣམས་ཀྱི་ཁྲོད་ནས་སྙན་གྲགས་དང་མངའ་ཁོངས་ཆེ་ཤོས་ཀྱི་རིགས་ཤིག་ཡིན། དེའང་རྒྱ་ཡིག་དག་ལས་ཡོན་རྒྱལ་རབས་ཀྱི་གོང་མ་སེ་ཆེན་རྒྱལ་པོས། རྒྱལ་མོ་རྔུལ་ཆུའི་ནུབ་དང་། འགུ་ཐང་། ཉང་ཡན་བཅས་ཀྱི་སྤྱི་དཔོན་ཅིག་བསྐོས་པར་བསྟན་འདུག(长河西鱼通宁远军民宣慰使司)ལོ་རྒྱུས་སྨྲ་བ་རྣམས་ཀྱིས་རྒྱལ་མོ་རྔུལ་ཆུའི་ནུབ་ཕྱོགས་ཞེས་པའི་ས་གནས་དེ་ལྕགས་ལའི་རྒྱལ་ས་དར་རྩེ་མདོ་དང་། མ་ཟད་ཐོབ་དེ་ལྕགས་ལའི་རྒྱལ་རྒྱུད་ཀྱིས་བཟུང་ཡོད་པར་འདོད། འདོད་ཚུལ་དེ་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་པར་འདྲ་སྟེ། ཏཱ་མིང་རྒྱལ་རབས་ཀྱི་སྐབས་སུ་གོང་གི་ཐོབ་རྒྱལ་མོ་རྔུལ་ཆུའི་ནུབ་དང་། འགུ་ཐང་། ཉང་ཡན་བཅས་ཀྱི་སྤྱི་དཔོན་ཞེས་པ་དེ་ལྕགས་ལའི་རྒྱལ་རྒྱུད་ངག་དབང་རྒྱལ་མཚན་སོགས་ལ་གནང་འདུག  དེ་ནས་རིམ་བཞིན་དེའི་སྲས་ནམ་མཁའ་ལེགས་པའི་རྒྱལ་མཚན་སོགས་ལ་གནང་འདུག  ཆིང་རྒྱལ་རབས་སྐབས་སུ་གོང་གི་ཐོབ་དེ་ལྕགས་ལའི་རྒྱལ་རྒྱུད་བསྟན་འཛིན་གྲགས་པ་སོགས་ལ་རིམ་བཞིན་གནང་འདུག   དེའི་ཕྱིར་ཡོན་དང་ས་སྐྱའི་སྐབས་སུ་རྒྱལ་མོ་རྔུལ་ཆུའི་ནུབ་ཕྱོགས་སམ་དར་མདོའི་དཔོན་པོ་དེ་ལ་སྲིད་འཛིན་གྱི་མངའ་ཁོངས་རྒྱ་ཆེན་པོ་ཞིག་མཆིས་པར་གསལ་ལོ། །

ཁྱེད་ཀྱིས་ལྕགས་ལ་རྒྱལ་པོའི་སྲིད་འཛིན་གྱི་མངའ་ཁོངས་ཨེ་ཤེས།

   དར་མདོ་རྫོང་གི་ཡིག་ཚགས། (建置沿革)ཞེས་པ་ལས། དར་རྩེ་མདོ་ནས་ཤར་ལྕགས་ཟམ་ཁ་འགག་སྟོད་བར་ལེ་བར༡༩༠  ནུབ་ཉག་སྟོད་བར་ལེ་བར༥༢༠ ལྷོ་ཉག་ཆུའི་བར་ལེ་བར༢༨༠  བྱང་བཙན་ལྷའི་བར་ལེ་བར༥༥༠  ཤར་ལྷོ་འབོ་གཤིས་(建昌)བར་ལེ་བར༥༠༠  ལྷོ་ནུབ་ཉག་སྨད་བར་ལེ་བར༤༨༠  བྱང་ཤར་རྒྱལ་རོང་ཆུ་ཆེན་བར་ལེ་བར༤༥༠ནུབ་བྱང་ཀ་མཛའ་གཡུ་ལུང་བར་ལེ་བར༨༠ཡོད་ཅེས། བཀོད་འདུག་གོ།

ཁྱེད་ཀྱིས་ལྕགས་ལ་རྒྱལ་པོའི་སྲིད་འཛིན་གྱི་མངའ་ཁོངས་ཨེ་ཤེས།

  སྤྱི་ལོ༡༩༩༥ལོར་བསྒྲིགས་པའི་དར་མདོ་རྫོང་གི་ལོ་རྒྱུས《康定县志》ལས། “ལྕགས་ལའི་མངའ་ཁོངས་ནི། དེང་དར་མདོ་རྫོང་དང་། རོང་དགུ་རྫོང་གི་ས་ཆ་ཚང་། རྟའུ་རྫོང་གི་ལྷོ་ཕྱོགས། རོང་བྲག་རྫོང་གི་དགེ་གཤིས་ཆུ་དང་སྟོང་མགོའི་ཆུའི་ཡུལ་གྱི་ས་ཆ། ཉག་ཆུ་རྫོང་གི་ཤར་ཕྱོགས་ཀྱི་ས་ཆ། ལྕགས་ཟམ་རྫོང་གི་བཙན་ལུང་སྟོང་དཔོན་གྱི་ས་ཆ་རྣམས་ཡིན།”ཞེས་བཀོད་འདུག་གོ།

ཁྱེད་ཀྱིས་ལྕགས་ལ་རྒྱལ་པོའི་སྲིད་འཛིན་གྱི་མངའ་ཁོངས་ཨེ་ཤེས།

   ཆིང་རྒྱལ་རབས་སྐབས་སུ་སྔར་གྱི་སྲོལ་རྒྱུན་གྱི་ཐོབ་དེ་གནང་ཡོད་མོད། འོན་ཀྱང་ཉང་ཡན་གྱི་ས་ཆ་དག་ལ་དབང་བསྒྱུར་ཐུབ་ཀྱིན་མེད་པར་མངོན་ཏེ། ཆིང་རྒྱལ་རབས་སྐབས་སྤྱི་ལོ༡༧༣༩ལོ་བསྒྲིགས་པའི་རྒྱའི་དེབ་ཐེར(雅州府志)ལས། ལྕགས་ལའི་མངའ་འོག་ཏུ། སྤྱི་དཔོན་དྲུག་དང་། སྟོང་དཔོན་གཅིག  བརྒྱ་དཔོན་ཞེ་བརྒྱད་ཡོད་པར་བསྟན་འདུག  སྤྱི་དཔོན་དྲུག་ནི། ཉག་སྟོད་དཔོན་པོ། ཉག་སྐེད་དཔོན་པོ། ཉག་སྨད་དཔོན་པོ། པ་ཝཾ་རྒྱལ་པོ། དགེ་གཤིས་ཙ་རྒྱལ་པོ། ཁྲོ་སྐྱབས་རྒྱལ་པོ། སྟོང་དཔོན་གཅིག་ནི། བཙན་ལུང་དཔོན་པོ། བརྒྱ་དཔོན་ཞེ་བརྒྱད་ནི། མི་ཉག་གི་ས་གནས་སོ་སོའི་དཔོན་པོ་རྣམས་ཡིན་པར་བསྟན་ཡོད་དོ།  ། (瞻对安抚司、喇滚安抚司、喇滚安抚司副司、把底安抚司、单东革什杂安抚司、绰斯甲安抚司、咱里土千户)དེའི་ཕྱིར་དུས་རབས་མི་འདྲ་བ་སོ་སོའི་ནང་དུ་སྲིད་འཛིན་གྱི་མངའ་ཁོངས་ཀྱང་མི་འདྲ་བ་བྱུང་ཡོད་པར་རྟོགས་ནུས་སོ།། 

  • ལེ་ཚན་སྔོན་མ།:ཐང་སྟོང་རྒྱལ་པོ་མི་ཉག་ཕྱོགས་ལ་ཕེབས་པའི་ཚུལ།
  • ལེ་ཚན་རྗེས་མ།:ངོ་མཚར་ཆེ་བའི་ཆབ་མདོའི་གནའ་བོའི་ལོ་རྒྱུས།