ཐང་སྟོང་རྒྱལ་པོ་མི་ཉག་ཕྱོགས་ལ་ཕེབས་པའི་ཚུལ།

འགྱུར་མེད་བདེ་ཆེན།        2017-08-07

ཐང་སྟོང་རྒྱལ་པོ་མི་ཉག་ཕྱོགས་ལ་ཕེབས་པའི་ཚུལ།  

  དེ་ནས་གྲུབ་ཐོབ་ཆེན་པོ་དར་རྩེ་མདོར་ཕེབས། བྱང་ཆུབ་ཆེན་པོའི་མཆོད་རྟེན་བཞེངས་གྲུབ་འདུག་པ་ལ་རབ་གནས་མཛད། དར་རྩེ་མདོ་པ་ས་གཡོ་བའི་འཇིགས་པ་ལས་གྲོལ་བར་མཛད། དར་རྩེ་མདོ་པས་གསེར་དངུལ་གོས་དར་སོགས་འབུལ་བ་མང་དུ་ཕུལ། མི་ཉག་གཅིག་གིས་རྟ་ཤོ་རེ་བ་སྒ་དང་བཅས་པ་ཞིག་ཕུལ་བ་ཆིབས་སུ་བཞེས། 

ཐང་སྟོང་རྒྱལ་པོ་མི་ཉག་ཕྱོགས་ལ་ཕེབས་པའི་ཚུལ།

  རྟ་འདི་ལ་ཞོན་ནས་དགེ་བསྐུལ་བ་སུ་བྱུང་ཡང་ང་དང་ཁྱད་མེད་པའི་ཞབས་ཏོག་གིས་གསུང་བའི་ཞལ་ཏ་གནང་། མི་ཉག་གཞི་རི་འབུམ་ལས་རྐུན་མ་གསུམ་གྱིས་མཛོ་མང་པོ་དང་། ནོར་རྫས་སྟོབས་ཅན་བརྐུས་པ་རྩད་ཆོད(ཅིང)རྐུན་མ་གསུམ་པོ་ཟིན། ཐག་པས་རྒྱབ་ལག་ཏུ་བཅིངས། རྐང་པ་ལ་ལྕགས་རྒྱབ།  ཞག་གསུམ་ནས་ལྟོ་ཐེངས་རེ་སྟེར་བའི་ཤིན་ཏུ་སྡུག་བསྔལ་བ་ཡོད་ཀྱང་། བཙོན་(པ)གསུམ་ལ་ནོར་ཚབ་གཞལ་རྒྱུ་དང་། མི་གཞན་གྱི་བར་ཞུགས་བྱེད་མཁན་མ་བྱུང་བས།  གསོད་པར་བློ་ཐག་ཆོད།  འཇིགས་སྐྲག་ཆེ་བའི་སྐབས་དེར། གྲུབ་ཐོབ་ལྕགས་ཟམ་པས་རྫུ་འཕྲུལ་གྱིས་སྲོག་སྐྱོབ་པའི་སྙན་གྲགས་ཐོས།

ཐང་སྟོང་རྒྱལ་པོ་མི་ཉག་ཕྱོགས་ལ་ཕེབས་པའི་ཚུལ།

   རྐུན་མ་གསུམ་གྱིས་གྲུབ་ཐོབ་ཆེན་པོ་དར་རྩེ་མདོ་ན་བཞུགས་པའི་ཕྱོགས་ཀྱི་རྩིག་པ་ལ་ཁ་སྦྱར་ནས།  བླ་མ་ལྕགས་ཟམ་པས་མི་ཚེ་ཟད་གསུམ་ལ་སྲོག་སྐྱབས་ཞུ་ཟེར་བ།  གྲུབ་ཐོབ་ཆེན་པོའི་ལྷའི་སྙན་གྱིས་གསན། གྲུབ་ཆེན་གྱི་ཚངས་པའི་དབྱངས་ཀྱིས་བཙོན་(པ)གསུམ་པོས་ཐོས་པར་བྱིན་གྱིས་བརླབས་ནས།  ང་ལ་གསོལ་བ་ཐོབ།  ཅི་འདོད་པའི་དངོས་གྲུབ་ཡོང་གསུང་བ་ཐོས།  བླ་མ་གྲུབ་ཐོབ་ཆེན་པོ་ཐུགས་རྗེས་གཟིགས་ཤིག་ཟེར་བའི་གསོལ་བ་དྲག་ཏུ་བཏབ་པས།  བཙོན(པ)གསུམ་བཀྱིགས་པ་དང་ལྕགས་བརྒྱབ་པ་རང་གྲོལ་དུ་བྱུང་།བཙོན་ཁང་དང་མཁར་གྱི་སྒོ་ཡང་རང་བྱེ་ལ་སོང་ནས་ཅི་བདེར་ཐོན།  བྲོས་པས་འཆི་བའི་སྡུག་བསྔལ་ལས་གྲོལ་བར་མཛད་དོ།།  དར་རྩེ་མདོ་ནས་གྲྭ་བཙུན་རྙིང་པ་རྣམས་དང་། ཁམས་པ་ཕྱགས་ཕྱིར་འབྲངས་པ་མང་པོས།  རྟ་དྲེལ་མཛོ་གཡག་ལ་སོགས་ལ་ཁལ་གང་ཐེག་བཀལ། མ་ཐེག་པ་རྣམས་ས་རིམ་གྱི་དང་བླངས་སྟོབས་ཅན་བསྐུལ་ནས། མི་ཉག་གི་ཡུལ་མཁར་གླིང་དུ་ཕེབས། མི་ཉག་མང་པོས་མདའ་རྩེ་དང་། རྩེད་མོ་སྣ་ཚོགས་བྱེད་ཅིང་ཇ་ཆང་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་འདུག

 ཐང་སྟོང་རྒྱལ་པོ་མི་ཉག་ཕྱོགས་ལ་ཕེབས་པའི་ཚུལ།

    བླ་མ་གྲུབ་ཐོབ་ལྕགས་ཟམ་པ་ཕེབས་བྱུང་ཟེར།  ཚོགས་འཁོར་རྒྱ་ཆེན་པོ་དང་ཆོས་འབྲེལ་ཞུས། གཅིག་གིས་རལ་གྲི་ཞིག་ཕུལ། གཞན་རྣམས་ཀྱིས་བསྔོ་རྟེན་མཚོན་པ་རེ་ཕུལ་བ་ལ། བསྔོ་བ་ཞུ་བ་རྣམས་ཀྱི་ཕ་མེས་ཡང་མེས་ཚུན་འདས་པ་རྣམས་ཀྱི་མིང་བརྗོད་བསྔོ་བ་མཛད། གཞན་ཡང་དེར་འཚོགས་པ་རྣམས་ལ་ཁྱོད་ཀྱི་ཕ་མེས་ལ་འདི་ཟེར། ནོར་འདི་འདྲ་ཡོད་མ་འོངས་པ་ན་སྐྱིད་སྡུག་ལེགས་ཉེས་འདི་འདྲ་ཡོད་སོགས་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་མངོན་ཤེས་གསུངས། སྲུང་སྐུད་ཞུས་པས། རལ་གྲི་སྐུ་དྲུང་ན་ཡོད་པ་ལ་ཡང་རྡོ་རྗེའི་མདུད་པ་གནང་བས། རལ་གྲི་ལ་མདུད་པ་དང་མངོན་ཤེས་ཐོགས་མེད་གསུངས་པས་གྲུབ་ཐོབ་རྩོད་མེད་དུ་འདུག་ཟེར། རྟ་དྲེལ་མཛོ་ཇ་གོས་དར་གསེར་དངུལ་སོགས་འབུལ་བ་མཐའ་ཡས་པ་བྱུང་། དེ་ནས་ཨ་འདར་གཤོངས་སུ་ཕེབས་འབུལ་བ་ཞབས་ཏོག་བཟང་པོ་བྱས། 

   ཁྲོམ་ལ་སྤྱན་རས་གཟིགས་ཀྱི་རིག་གཏད་གནང་། དབང་གྲལ་ན་བུ་ཚ་ལྐུགས་པ་གསུམ་འདུག་པའི་ཕ་མ་ལ་བུ་གསུམ་པོ་འདིར་ཁྲིད་ཤོག་གསུངས། དྲུང་དུ་སླེབས་པ་དང་ཕྱག་གཡོན་གྱི་སྡིགས་མཛུབ་ལྐུགས་པ་གསུམ་ལ་གཏད། གཡས་ཀྱི་གསོལ(བ)བཞེས་འཕྲོ་ཞིག་ཡོད་པ་ལྐུགས་པ་གསུམ་ལ་བཏབ་པས། ངག་བཅིངས་པའི་གདོན་རྒྱང་རིང་དུ་བྲོས། ལྐུགས་པ་གསུམ་གྱིས་བདག་ཅག་རྣམས་ཀྱི་ལྕེ་རི་རྩ་བ་ཁ་ནང་དུ་མི་ཤོང་བ་དེ་སངས་བྱུང་ལགས་ཅེས།  གཏམ་སྨྲ་ཤེས་པ་བྱུང་ངོ་།།

  

ཐང་སྟོང་རྒྱལ་པོ་མི་ཉག་ཕྱོགས་ལ་ཕེབས་པའི་ཚུལ།


   དེ་ནས་མི་ཉག་གི་ཡུལ་སྡེ་ཤིན་ཏུ་ཆེ་བས་འཐབ་རྩོད་རྒྱུན་དུ་འབྱུང་ཞིང་།ལྷག་པར་དམེ་འཁྲུགས་མང་པོ་ཡོང་བ་དེར་སྨོན་ལམ་མཛད་ཅིང་བཞུགས་པས། ཕོ་མོ་མང་དུ་འཚོགས་བྱུང་བ་ལ་ཆོས་འབྲེལ་མཛད། ཁྱེད་ཀྱི་ཡུལ་འདིར་སྤྱིར་འཐབ་རྩོད་དང་། ལྷག་པར་ཕ་ཚན་ནང་དུ་གསོད་རེས་བྱེད་པ་འདི། བོད་ཡུལ་སྤྱི་དང་བྱེ་བྲག་མདོ་ཁམས་ཀྱི་བདེ་སྐྱིད་ལ་གནོད་པས། རལ་གྲི་ང་ལ་ཕུལ(ན)ཡུལ་འདི་བར་བདེ་ཞིང་སྐྱིད་པ་ཡོང་གསུངས་ཀྱང་འབུལ་མཁན་མ་བྱུང་། དེ་ནས་མི་འཇིགས་སུ་རུང་བ་ཞིག་ལ་ཨ་འབྲུག་ཁྱོད་ཀྱི་ཁྱིམ་ན་ཡོད་པའི་དམེ་གྲི་དེ་ང་ལ་ཕུལ་གསུངས་པས། དེ་སྒུལ་ན་གྲིའི་སྲི་ཆེན་པོ་ལྡང་ཞུས་པས། གྲི་དེས་ཉིན་གཅིག་ལ་དུས་གཅིག་པའི་མི་བཅོ་བརྒྱད་བསད་པས། ས་འདི་ན་འཇོག་མི་ཉན། ནས་འདིས་བྲབས་ལ་ཁྱེར་ཤོག་གསུངས། ཁོས་ཕྱག་ནས་ཀྱིས་བྲབས་ནས་རལ་གྲི་བླངས་ཕྱག་ཏུ་ཕུལ་བས། རྟེན་འབྲེལ་བཟང་ཡུལ་འདིར་འཐབ་རྩོད་དང་དམེ་འཁྲུགས་རྒྱུན་ཆད་གསུང་། གྲི་དེས་བསད་པའི་མི་རྣམས་བདེ་བ་ཅན་དུ་དྲངས། འདྲེ་དེ་སྦྱིན་སྲེག་མཛད་ནས་མཐོ་རིས་སུ་སྐྱེས་ཤིང་། དམེ་རལ་གྲི་གྲུབ་ཐོབ་ཆེན་པོའི་སྐུ་དང་མི་འབྲལ་བར་མཛད། གཞན་ཡང་མདོ་ཁམས་ཀྱི་ཡུལ་དུ་ལྕགས་ཟམ་འཛུགས་པ། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ། མངོན་ཤེས་དང་རྫུ་འཕྲུལ་དཔག་ཏུ་མེད་པའི་སྒོ་ནས། རིས་མེད་པ་ལ་འགྲོ་དོན་མཛད། 

   དཔོན་སློབ་རྣམས་ཀྱིས་ཁལ་དང་དང་བླངས་ཀྱི་དོས་ཤིང་ཏུ་མང་བ་དང་བཅས། བྱང་རྒྱབ་ལ་བྱོན་པས་བོད་འབྲོག་སུ་ཡང་མེད་པའི་ལུང་སྟོང་ཆེན་པོ་ཞིག་ཏུ་ཕེབས། གྲྭ་པ་རྣམས་ཀྱི་དོས་སྐྱེལ་མཁན་མི་རྙེད་པ་འདྲ་ཞུས་པས། དོས་སྐྱེལ་བ་ཡོང་རྒྱུ་ཡིན་པས། ཀུན་གྱིས་འཚོལ་ཤོག་གསུངས་པས། གྲྭ་པ་རྣམས་ཀྱི་བསམ་པ་ལ་འབྲོག་པ་འདྲ་ཡོང་བ་ཡིན་ནམ་བསམ། རྒྱང་རིང་པོར་བལྟས་པས་སེམས་ཅན་མང་པོ་འཚོགས་གྲལ་བྱས་པ་མཐོང་ནས་རྩར་ཕྱིན་པས། དྲེད་མང་པོས་གྲོ་མ་བརྐོ་བ་མཐོང་། མགྱོགས་པར་བྲོས་ནས། རྗེའི་དྲུང་དུ་སླེབས་པས་ཅི་འདུག་གསུངས། འབྲོག་པ་འདྲ་ཡོད་དམ་སྙམ་བལྟས་པས་དྲེད་མང་པོ་དང་འཕྲད་བྱུང་། འདིར་དྲེད་ཀྱིས་ཟ་བར་འདུག་པས་ནོར་བཞག་ནས་བྲོས་པ་ལེགས་ཞུས་པས། ཁྱེད་རང་རྣམས་ནོར་གང་ཐེག་རེ་ཁྱེར་ཁལ་མ་རྣམས་དེད་ལ་སོང་། ངས་འདིར་འབྲོག་པ་མ་སླེབས་པར་སྒུགས། དོས་རྣམས་སླེབས་ཡོང་གསུངས་པས། མ་ཤི་ན་ནོར་བཙལ་བས་ཆོག་ཅིས་ཀྱང་ཕེབས་པ་འཐད་ཞུས་པས།

ཐང་སྟོང་རྒྱལ་པོ་མི་ཉག་ཕྱོགས་ལ་ཕེབས་པའི་ཚུལ།


    ང་ལ་ཅི་ཡང་མི་ཡོང་།  ཞག་ལྔ་ནས་མཉམ་པོར་ཡོང་གསུངས། གྲྭ་པ་ཁལ་མ་དང་བཅས་པ་བརྫངས། གྲུབ་ཐོབ་ཆེན་པོའི་དྲུང་དུ་དྲེད་བསམ་གྱིས་མི་ཁྱབ་པ་བྱུང་ནས་བཟའ་བ་སྣ་ཚོགས་པ་ཕུལ། བསྐོར་(བ)བྱས། དོས་ལུས་པ་རྣམས་དྲེད་ལ་བསྐུར་ནས་བྱོན་པས། གྲྭ་པའི་སྔོན་ལ་ཕེབས་འདུག་པས། ངེད་ཀྱི་རྗེས་ལ་ཕེབས་རྒྱུ་སྔོན་ལ་ཕེབས་པ་ཅི་ལགས། དོས་རྣམས་སུས་བསྐྱལ་ཞུས་པས། ང་ཁ་སང་དུ་སླེབས། དོས་དྲེད་རྣམས་ཀྱིས་བསྐྱལ། ལས་འབྲས་ལ་མི་བརྩི་བའི་མི་བླུན་པོ་རང་འདུལ་དཀའ་བར་འདུག  དེ་བས་དུད་འགྲོ་དང་ལྷ་འདྲེ་འདི་འདུལ་སླ་བར་འདུག སྣང་བ་འདི་བདེན་མེད་དུ་ཤེས་པ་གལ་ཆེ་གསུངས་སོ།།  


  • ལེ་ཚན་སྔོན་མ།:མདོ་ཁམས་ཆུ་བཞི་སྒང་དྲུག
  • ལེ་ཚན་རྗེས་མ།:ཁྱེད་ཀྱིས་ལྕགས་ལ་རྒྱལ་པོའི་སྲིད་འཛིན་གྱི་མངའ་ཁོངས་ཨེ་ཤེས།