ཁམས་ཆབ་མདོ་ས་ཁུལ་གྱི་དམངས་སྲོལ་རིག་གནས།

        2017-07-24

ཁམས་ཆབ་མདོ་ས་ཁུལ་གྱི་དམངས་སྲོལ་རིག་གནས།

      གུས་ཤིང་བརྩེ་བའི་རྩོམ་པ་པོ་དང་ཀློག་པ་པོ་ལྷན་རྒྱས་ལགས། མི་རིགས་ཤིག་གི་རྒྱུན་བསྐྱང་པ་ལ་མི་རིགས་དེའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས། འཚོ་བའི་ཁོར་ཡུག་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དག་ལ་ཐུག་ཡོད་པས་མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས་དང་། དམངས་ཁྲོད་རིག་གནས་འདི་དག་ཉམས་པར་སླར་གསོ་དང་མ་ཉམས་གོང་དུ་སྤེལ་བ་ནི་ང་ཚོས་ནམ་ཡང་ཕྲག་ཏུ་བཏེགས་པའི་དམིགས་འབེན་གཙོ་བོ་ཡིན་ནོ། །

    འདི་ནས་སྤྱི་ལོ༢༠༡༧ལོའི༼ཁམས་པའི་འཛུམ་རིས༽འདོན་ཐེངས་གསུམ་པ(སྤྱིའི་འདོན་ཐེངས་བཅུ་བདུན་པ།)སྟོན་གྱི་ལོ་ལེགས་སྙེ་མའི་ཁུར་དང་བཅས་ཏེ་ཁམས་ཆབ་མདོ་ས་ཁུལ་གྱི་གནའ་བོའི་ལོ་རྒྱུས་དང་ལག་ཤེས་བཟོ་རྩལ། སྐྱེ་ཁམས་དཔལ་ཡོན་དང་གླུ་གར་སྨན་རྩིས་སོགས་དམངས་སྲོལ་རིག་གནས་སྐོར་གྱི་ཆེད་བསྒྲིགས་ཀྱི་བརྙན་དེབ་ཅིག་ཏུ་བསྐྲུན་ཏེ་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་དུ་བསྟར་བ་ལགས། ལོ་འདི་ཤས་རིང་ང་ཚོས་དམངས་ཁྲོད་རིག་གནས་གཙོ་བོར་བྱས་པའི་དུས་དེབ་མི་ཉུང་བ་ཞིག་རྩོམ་སྒྲིག་བྱས་ཡོད་པ་ནི་རིགས་ཀྱི་སྤུན་ཟླ་རྣམས་ཀྱི་བསམ་པའི་རྒྱགས་ཕྱེ་དང་། རང་རིགས་ཀྱི་སྐད་དང་ཡི་གེ།  རིག་གནས་སོགས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་རྩ་བ་དང་རྨང་རྡོ་ལྟ་བུ་ཞིག་ཏུ་འགྱུར་ན་བསམ་ཞིང་། དེབ་དེ་དག་བསྒྲིགས་པའི་ཐོག་མཐའ་བར་གསུམ་དུ་ཐུགས་བརྩེ་ཆེན་པོའི་དྲིན་གྱིས་བསྐྱངས་ཤིང་དགའ་མགུ་རངས་གསུམ་གྱིས་གཞོགས་ནས་སྐྱོར་བཞིན་པའི་མཁས་དབང་དང་དབུ་ཁྲིད། རྩོམ་པ་པོ་དང་ཀློག་པ་པོ་རྣམས་ལ་ངེད་རྩོམ་སྒྲིག་པ་ཡོངས་ཀྱིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། སླད་མར་ཡང་ལྷག་བསམ་དཀར་པོའི་ཐུགས་བཞེད་ནི་ཉལ་འགྲོའི་རྒྱུན་དང་འགྲོགས་ནས་འདི་ཕྱོགས་སུ་རྒྱབ་སྐྱོར་དང་རོགས་རམ་གནང་རྒྱུའི་རེ་བ་ཡང་ནས་ཡང་དུ་ཞུ་རྒྱུ་དང་། ད་དུང་རྩོམ་སྒྲིག་གི་ལམ་བུའི་ཐོག་ལ་མི་ལག་དང་ཡོན་ཚད། དུས་ཚོད་བཅས་མི་འདང་བའི་དབང་གིས་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་ངེས་པས་མཁྱེན་དཔྱོད་ཀྱི་རྩལ་ཡངས་པའི་ཀློག་པ་པོ་རྣམས་ཀྱིས་ཡོ་སྲང་བཟོ་བཅོས་དང་དགོངས་འཆར་ལྷུག་བཀྲོལ་གནང་རྒྱུའི་རེ་བའང་ནན་གྱིས་ཞུ་བ་ལགས།།




  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།