ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་འཚོག་འགོ་ཚུགས།

སྐལ་ཐུབ་ཀྱིས་བྲིས་ཤིང་པར་བླངས།        2017-07-17

ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་འཚོག་འགོ་ཚུགས།

ཟླ་བ7པའི་ཚེས17ཉིན་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་དར་མདོའི་ཟློས་གར་ཁང་དུ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་འཚོག་འགོ་ཚུགས་པ་རེད། ཐེངས་འདིའི་གྲོས་ཚོགས་སུ་ཞུགས་དགོས་པའི་འཐུས་མི187ཡོད་ཅིང་དངོས་སུ་ཞུགས་པའི་འཐུས་མི158ཡིན་པས་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་ཡིག་དང་མཐུན་པ་རེད།

ཞིང་ཆེན་དང་ཁུལ་གྱི་དབུ་ཁྲིད་ལིའུ་ཀྲི་ཏུང་དང་ལི་ཞིང་ཡིའུ། སུའུ་ཆོན། ཝང་ལི་ཅུན། ལི་ཁང་། བྱང་ཆུབ། ལའོ་ཀྲེན་ཧྭ། ཚུའེ་ཡུས་ཧྥེང་། སངས་དགའ། རྡོ་རྗེ་བཀྲ་ཤིས། སྐུ་བཅར་ཡོན་ཏན་རྒྱ་མཚོ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཤིང་རྒྱལ་བསྟན་བློ་བཟང་བྱམས་པས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་རེད།

  ཚོགས་ཐོག་ཏུ་མཆོག་སྤྲུལ་རྒྱལ་བསྟན་བློ་བཟང་བྱམས་པས་གྲོས་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་ཤིས་ཚིག་ཕུལ་བ་དང་། མཆོག་སྤྲུལ་སྐུ་བཅར་ཡོན་ཏན་རྒྱ་མཚོས་ཁུལ་ནང་བསྟན་མཐུན་ཚོགས་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་ཀའི་སྙན་ཞུ་ཕུལ་ཞིང་། མཆོག་སྤྲུལ་དཔལ་བརྒྱས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་ཡིག་བཟོ་བཅོས་བྱེད་ཚུལ་སྐོར་གྱི་སྙན་ཞུ་ཕུལ། ཞིང་ཆེན་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་རྟོག་ཞིབ་བ་གཞོན་པ་ལི་ཞིང་ཡིའུ་དང་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྟོག་ཞིབ་བ་གཞོན་པ་ལིའུ་ཀྲི་ཏུང་། ཁུལ་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚུའེ་ཡུས་ཧྥེང་བཅས་ཀྱིས་གསུང་བཤད་གནང་བ་རེད།

 ཚུའེ་ཡུས་ཧྥེང་གིས་ཐོག་མར་ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཚབ་མཛད་ནས་གྲོས་ཚོགས་འཚོག་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ་དང་། ཆོས་ལུགས་ལས་རིགས་ཀྱི་གྲོགས་པོ་རྣམས་ལ་གུས་འདུད་ཞུས་ཤིང་ཚོགས་ཞུགས་འཐུས་མི་ཡོངས་དང་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ནང་བསྟན་ལས་རིགས་དང་ཆོས་དད་མང་ཚོགས་ལ་འཚམས་འདྲི་ཞུས་པར་མ་ཟད་ཉེ་བའི་ལོ་དྲུག་གི་ནང་དུ་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་འབད་པས་བསྒྲུབས་པའི་ལས་ཀར་གྲུབ་འབྲས་ཆེན་པོ་ཐོབ་པར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་ཡོངས་ལ་རྒྱལ་གཅེས་དང་ཁྲིམས་སྲུང་། ཉམས་ལེན། ཡར་ཐོན་བཅས་ཕྱོགས་བཞིའི་ཐད་ནས་ཐུགས་རེ་གནང་བ་རེད།

ཚུའེ་ཡུས་ཧྥེང་གིས་རྒྱལ་གཅེས་སྐོར་གླེང་བའི་ཚེ་སྟོབས་དང་ལྡན་པའི་རྒྱལ་ཁབ་མེད་ན་ནང་བསྟན་ཆོས་ལུགས་དར་སྤེལ་ཡོང་ཐབས་མེད། རབ་བྱུང་གིས་རྒྱལ་འཚོང་ནང་རུལ་པ་མི་བྱེད་ཅིང་རྒྱལ་དཔོན་ལ་སྐུར་བ་མི་འདེབས་པ། རྒྱལ་ཁྲལ་ཆད་ལུས་མི་བྱེད་པ། རྒྱལ་སྲོལ་མི་རྙོག་པ་བཅས་བྱ་རྒྱུ་ནི་ཆེས་ཆེ་བའི་རྒྱལ་གཅེས་ཡིན། ཐོག་མཐའ་བར་གསུམ་དུ་ཏང་ཨུ་སྲིད་གཞུང་དང་བསམ་བློ་གཅིག་གྱུར། ཁ་ཕྱོགས་གཅིག་མཐུན། བྱ་སྤྱོད་གཅིག་མཚུངས་བཅས་བྱས་ནས་རང་རྟོགས་ཀྱིས་ཁ་བྲལ་སིམ་འཛུལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་བར་སྲུང་སྐྱོང་བྱ་དགོས། འཆམ་མཐུན་ཞི་འཇགས་ཀྱི་གནས་བབ་བཟང་པོར་གཅེས་སྤྲས་བྱས་ཤིང་མཐུན་སྒྲིལ་བརྟན་བརླིང་ནི་བསོད་ནམས་ཡིན་པ་དང་ཁ་བྲལ་འཁྲུག་ལོང་ནི་ཆག་སྒོ་ཡིན་པ་དང་། རྒྱལ་ཁབ་དང་མི་རིགས་བདེ་ན་མི་ཚང་མ་བདེ་བའི་འདུ་ཤེས་དེ་སེམས་ཕུགས་བཅངས་ཤིང་བྱ་སྤྱོད་དངོས་སུ་འགྱུར་དུ་འཇུག་དགོས་ཞེས་གསུངས་པ་རེད།ཛ

ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་འཚོག་འགོ་ཚུགས།

ཚུའེ་ཡུས་ཧྥེང་གིས་ཁྲིམས་སྲུང་སྐོར་གླེང་བའི་ཚེ་གསུངས་དོན། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོར་བཅང་དགོས་ཤིང་། ཁྲིམས་ལས་ཐར་བའི་ས་དང་ཁྲིམས་ལས་ཐར་བའི་མི། ཁྲིམས་ལས་ཐར་བའི་ཆོས་བཅས་མེད་པའི་འདུ་ཤེས་བརྟན་པོར་བཅང་དགོས། རང་རྟོགས་ཀྱིས་ཁྲིམས་ལྟར་བྱ་བ་སྒྲུབ། ཁྲིམས་ཀྱིས་ལས་ཀ་སྒྲུབ།  གནད་དོན་ཁྲིམས་ཀྱིས་གཅོད། འགལ་བ་ཁྲིམས་ཀྱིས་འདུམ་པའི་གོམས་གཤིས་ཡག་པོ་ཆགས་སུ་འཇུག་དགོས། ཚང་མས་རྒྱལ་ཁྲིམས་འདུལ་ཁྲིམས་བསྲུངས་ཏེ་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་ཡོད་ན་ཁྲིམས་ལྟར་སྒྲུབ་ཆོག་པ་དང་བཅའ་ཁྲིམས་ཀྱིས་བཀག་སྡོམ་བྱས་ཡོད་ན་མཐའ་གཅིག་ཏུ་སྒྲུབ་མི་རུང་།

  ཚུའེ་ཡུས་ཧྥེང་གིས་རབ་བྱུང་གིས་ཆོས་ཉམས་ལེན་གྱི་སྐོར་གླེང་བའི་ཚེ་སེམས་རྣལ་དུ་ཕབ་ནས་ཚུལ་ཁྲིམས་བསྲུངས་ཤིང་ཐོས་བསམ་སྒོམ་སྒྲུབ་ལ་འབད་དེ་ཆོས་ཀྱི་ཡོན་ཚད་དང་རྟོགས་ཚད་ཇེ་མཐོར་བཏང་ནས་ཆོས་དད་མང་ཚོགས་ལ་ཞབས་འདེགས་ཞུ་དགོས། ཆབ་སྲིད་ཐོག་བློས་འགེལ་ཆོག་པ་དང་ཆོས་ལུགས་ཐོག་ཡོན་ཚད་ཆེ་བ། ཀུན་སྤྱོད་ཐད་ཀུན་གྱིས་བཀུར་བ། གནད་འགག་གི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་བླང་བྱ་ལྟར་དགོན་པའི་དོ་དམ་ཤེས་ལྡན་མི་སྣ་དེ་བས་མང་པོ་གསོ་སྐྱོང་བྱས་ཏེ་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་བརྒྱུད་འཛིན་བྱེད་ཐུབ་པའི་རྗེས་འཛིན་པ་གསོ་སྐྱོང་བྱས་པ་ཆབས་ཅིག  བསྟན་པ་ཡུན་གནས་དང་བརྒྱུད་འཛིན་ཆད་མེད། སྐྱེས་ཆེན་དམ་པ་མང་པོ་ཡོང་བར་བྱ་དགོས་ཞེས་གསུངས་པ་རེད།

ཚུའེ་ཡུས་ཧྥེང་གིས་ཡར་ཐོན་གྱི་སྐོར་གླེང་བའི་ཚེ་དུས་དང་མི་མཐུན་པའི་གོམས་སྲོལ་རྙིང་པའི་འཛེམ་རྒྱ་གཅད་དགོས་པ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་མཐུན་ཡོང་བ། ཆབ་སྲིད་ཐོག་ངོས་འཛིན་གཅིག་མཐུན་དང་ཆོས་ཀྱི་དགོངས་དོན་དར་སྤེལ། ཆོས་ལུགས་རིག་གནས་བརྒྱུད་སྒྲོག སྤྱི་ཕན་བྱ་གཞག་ཁྲོད་དུ་ཞུགས་པ་བཅས་ཀྱི་ནང་དུ་སྤྱི་ཚོགས་འཆམ་མཐུན་ཡར་ཐོན་ཡོང་བར་བྱ་དགོས། དུས་ནམ་ཡང་རྒྱལ་གཅེས་ནི་ཆོས་ལུགས་ལས་རིགས་མི་སྣའི་ཡར་ཐོན་ཆེས་ཆེ་བ་དེ་ཡིན་པ་བློར་བརྟན་པོར་ངེས་དགོས་ཞེས་གསུངས་པ་རེད།

ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྟོག་ཞིབ་བ་གཞོན་པ་ལིའུ་ཀྲི་ཏུང་གིས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་བོད་ཁུལ་གཞུང་ལས་ཁང་གི་ཚབ་མཛད་ནས་གྲོས་ཚོགས་འཚོག་པར་རྟེན་འབྲེལ་ཞུས་ཤིང་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ནང་བསྟན་ལས་རིགས་དང་ཆོས་དད་མང་ཚོགས་ལ་འཚམས་འདྲི་ཞུས་པར་མ་ཟད་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་གནང་། ཁོང་གིས་གཅིག་ནི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་དགོས་པ་དང་། གཉིས་ནི་ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོ་བཅང་དགོས་པ། གསུམ་ནི་ཐོས་བསམ་ཉམས་ལེན་ལ་དེ་བས་དོ་སྣང་བྱ་དགོས་པ། བཞི་ནི་རང་ངོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ། ལྔ་ནི་ནང་བསྟན་མཐུན་ཚོགས་རང་ངོས་འཛུགས་སྐྱོང་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས་པ་བཅས་ཕྱོགས་ལྔ་ཡི་ཐད་ནས་ཐུགས་རེ་གནང་བ་རེད།

ཞིང་ཆེན་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་རྟོག་ཞིབ་བ་གཞོན་པ་ལི་ཞིང་ཡིའུ་ཡིས་ཞིང་ཆེན་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཚབ་མཛད་དེ་གྲོས་ཚོགས་འཚོག་པར་རྟེན་འབྲེལ་ཞུས་ཤིང་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ནང་བསྟན་ལས་རིགས་དང་ཆོས་དད་མང་ཚོགས་ལ་འཚམས་འདྲི་ཞུས་པས་མ་ཚད། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་གཅིག་ནི་ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོར་བཅང་དགོས་པ་དང་། གཉིས་ནི་ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ། གསུམ་ནི་ནང་བསྟན་གྱི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་དར་སྤེལ་གཏང་དགོས་པ། བཞི་ནི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་འགྲོ་ལམ་དུ་ཡག་པོ་བསྐྱོད་ཐུབ་དགོས་པ་བཅས་ཕྱོགས་བཞི་ཡི་ཐད་ནས་ཐུགས་རེ་གནང་བ་རེད།

འཚོག་ཡུན་ཉིན4ཡི་རིང་ལ་འཐུས་མི་ཚོས་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་དབུ་ཁྲིད་ཀྱི་གསུང་བཤད་སྙིང་དོན་སློབ་སྦྱོང་བྱ་རྒྱུ་དང་། སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་ཀའི་སྙན་སེང་ལ་ཉན་འཇོག་དང་གྲོས་ཞིབ། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་ཡིག》ལ་གྲོས་ཞིབ་དང་དག་བཅོས། སྐབས་བརྒྱད་པའི་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འགོ་ཁྲིད་ཚོགས་པ་བདམ་ཐོན་བཅས་བྱ་རྒྱུ་རེད།

ཁུལ་དང་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་ལས་སྒྲུབ་མི་སྣ་གྲོས་ཚོགས་སུ་ཞུགས་ཡོད།

ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་འཚོག་འགོ་ཚུགས།

  • ལེ་ཚན་སྔོན་མ།:ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་རྒྱས་འཛོམས་གྲོས་ཚོགས་དང་ལྟེ་བའི་སློབ་སྦྱོང་ཚོ་ཆུང་གི་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:༢༠༡༧ལོའི་དཀར་མཛེས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།