ཕ་ཡུལ་གྱི་འགྱུར་ལྡོག་ལ་སེམས་ཕམ་པའི་གཏམ།

བདེན་རང་འཚོལ།        2017-07-03

      ང་ནི་རང་གི་ཕ་ཡུལ་ལ་ཧ་ཅང་དགའ་སྟེ།ལྷག་པར་ཏུ་ཕ་ཡུལ་གྱི་མི་རྣམས་ལ་ཤིན་ཏུ་དགའོ།།དེ་ལས་ང་ཆུང་དུས་ཀྱི་ཕ་ཡུལ་དང་ཕ་ཡུལ་གྱི་མི་རྣམས་ལྷག་ཏུ་དྲན་ཞིང་དུང་།ད་ལྟའི་ཕ་ཡུལ་གྱི་འགྱུར་ལྡོག་རྣམས་མཐོང་དུས་ཕ་ཡུལ་ལ་ནམ་ཡང་འགྱུར་ལྡོག་མེད་ན་སྙམ་བྱུང་།མི་མང་མང་གིས་དུས་རབས་དང་བསྟུན་ནས་འགྱུར་ལྡོག་ཡོད་ན་སེམས་བཞིན་ཡོད་ཀྱང་། ངས་ནི་ད་ལྟའི་གནས་བབས་འདི་མཐོང་དུས་དེ་ལས་ལྡོག་སྟེ་ཕ་ཡུལ་ལ་ནམ་ཡང་འགྱུར་ལྡོག་མེད་ན་སྙམ་སོང་།

ད་སྐབས་ཕྱིར་འདང་རེ་བརྒྱབ་ན།ངས་སེམས་ཤེས་སྐོར་གྱི་ཕ་ཡུལ་ནི་སྦྲ་ནག་གྲུ་བཞིའི་མཐའ་ན་རྟ་ནོར་ལུག་གསུམ་གྱིས་བསྐོར་ནས་སྐྱེས་པ་དག་གིས་སྔ་རྫི་དང་རྫི་བོ་བྱེད་བཞིན་ཡོད།སྐྱེས་མ་ཚོས་ཁྱིམ་ལས་ལ་འབད་བཞིན་ཡོད།དབྱར་ཟླ་མགོ་མ་ཚེས་སྐབས་ལུག་གི་བལ་དང་ནོར་གྱི་རྩིད་པ་བྲེག་ཏེ་བལ་གྱིས་སྟན་འཇོག་པ་དང་ཁེལ་རྩིད་ཀྱིས་སྦྲ་དང་སྒྱེ་མོ་བཟོ་བ་ཡིན།ད་དུང་ནོར་གྱི་ཁེལ་རྩིད་སོགས་ཀྱིས་དྲེལ་སྒའམ་གླང་སྒ་ལ་གློ་རྨེད་དང་སྒ་ཡག རྡང་དང་ཐུ་གུ་སོགས་བཟོ་བ་ཡིན། གཡག་ཀོ་མཉེད་ནས་འབྲེང་བ་དང་སྒྲོ་བ། འབྲུ་ཀོ་སོགས་ཀྱིས་འོ་མ་ཕྱུག་སའི་རྐྱལ་བ་བྱེད།གྲོད་པུ་དང་ཡ་རུ་སོགས་ཀྱི་གོ་བ་མར་སྣོ་ས་ཡིན།དེ་ནས་དུས་བཞིའི་དབྱེ་མཚམས་བགོས་ནས་རུ་སྤོ་བ་དང་དུས་རྒྱུན་དུ་མར་དང་ཆུར་བ།ཞོ།རྩམ་པ།ནོར་ལུག་གི་ཤ་སོགས་བཟའ་ཆས་ཡིན།

      བུ་མོ་རྣམས་ཀྱི་མཁུར་མགོ་ལ་དམར་མདངས་རྒྱས་ཞིང་ཤ་ཁ་གྲིམ།སྐབས་དེའི་མཛེས་དཔྱོད་ཀྱི་ལྟ་བ་ཡང་བུ་མོའི་མཁུར་མགོ་དམར་མདངས་རྒྱས་པ་དག་མཛེས་མར་བརྩི།ང་ཚོའི་ཁ་སྐད་དུ༼  ཁྱ་ཐག་དམར་ཐག་ཆད་པའི་བུ་མོ༽ ཟེར།བུ་མོ་ལ་ལས་རང་ཉིད་མཛེས་བྱེད་དུ་ཚོན་རྩི་དམར་པོ་མཁུར་མགོར་བྱུག་པ་ཡང་ཡོད།ལོ་དྲུག་བདུན་ཡན་ལ་སོན་པའི་བུ་མོ་དོར་རྐྱང་མ་གཅིག་ཀྱང་མཐོང་དུ་མེད།འདི་ངོ་ཚ་ཞིག་ཏུ་བརྩི་བས་རེད།༼  དོར་རྐྱང་མ༽  ཟེར་བ་ནི་ང་ཚོའི་ཡུལ་སྐད་ཡིན།དེང་སྐབས༼   སྤྱི་ཆས༽  ཞེས་བརྗོད་ཀྱིན་འདུག་པ་དེ་ལ་གོ་ན་འགྲིག་ས་རེད།མདོར་ན་བོད་ལྭ་མ་གྱོན་ནས་སྟོད་ཐུང་དང་དོར་མ་ཨ་རྐྱང་དུ་གྱོན་པ་ལ་ཟེར།སྐྱེས་པ་ཕལ་ཆེར་གྱིས་སྐྲ་རིང་པོ་འཇོག་པ་ཡིན་ལ་སྐྲ་འཇོག་སྟངས་ལ་རྒྱལ་སྐྲ་དང་སྐྲ་བསླ་བ། ཁྱི་སྐྱག་ཟེར་ནས་འཇོག་སྟངས་ཤིག་ཀྱང་ཡོད།

      གཏད་སྡོད་གྲོང་སྡེ་རུ་རྒན་རྒོན་ལོ་ལོན་དུང་འཁོར་སྐོར་མཁན་དང་དེ་དག་གི་འགྲམ་དུ་བྱིས་པ་འགའ་རེ།ཡང་ན་སློབ་མ་ཡིན་པའི་བྱིས་པ།དེ་མིན་གྲྭ་བ་དག་ཕུད་ཤུལ་ཏུ་ན་གཞོན་ཕོ་མོ་ཞིག་མཐོང་རྒྱུ་ཧ་ཅང་དཀོན། དེའི་རྒྱུ་མཚན་ནི།གཞོན་ནུ་ཕོ་མོ་དང་དར་མ་ཡོད་ཚད་ཀྱིས་འབྲོག་ན་རི་བས་རི་ཐུབ་དང་ཡུལ་བས་ཐུབ་བྱེད་བཞིན་ཡོད།

      ཕར་བལྟས་ན་གྲོང་སྡེ་འདིའི་ཁང་མིག་ཆུང་ཆུང་དག་ཤིན་ཏུ་ཉམས་ཞན་ཞིག་ཡིན་ཡང་།ནང་དུ་འབྲུ་ནས་དང་མར་ཆུར།གོས་ཕྲུག་ཚར་གསུམ།གསེར་དང་དངུལ།གཟི་དང་གཡུ།བྱུར་རུ་དང་རིན་པོ་ཆེ་ལ་སོགས་ཀྱི་བང་མཛོད་ཅིག་ཏུ་སྦྲུམ་ཡོད།འབྲོག་པའི་རྩྭ་ས་ལ་མཚོན་ན། ཡུལ་ལུང་ཐམས་ཅད་བགོས་ཏེ་རས་གཤར་གཤར་བྱེད་མེད་ལ་ལྕགས་ར་ཟེར་བ་ཞིག་ཀྱང་མེད།རྟ་ནོར་ལུག་གསུམ་ཤིན་ཏུ་མང་ཡང་རྩྭ་ས་རྩོད་གླེང་མེད།གྱོད་དང་ཁ་མཆུ་མེད།བཟའ་འཁོན་སྡེ་འཁོན་མེད་པའི་ཞིང་ཁམས་ཤིག་ཡིན་ལ།ཁ་པར་དང་འཕྲིན་ཕྲན་གང་ཡང་མེད་ལ་རི་སྒང་ཕན་ཚུན་བོས་ན་སྐད་ཆ་འཕྲོད།ངོ་ཤེས་མིན་གང་ཡང་མེད་ལ་ཕན་ཚུན་འདྲ་འདྲི་ཅི་ཞིག་བྱས་ཀྱང་སྐད་ཆ་དྲང་མོ་བཤད་པ་ཡིན།ཡུལ་སྡེའི་གོམས་གཤིས་སུ་ཉིན་གཅིག་ལ་ཇ་ཐུན་དྲུག་ཙམ་ཡོད།དེ་དྲུག་པོ་ང་ཚོའི་ཡུལ་སྐད་དུ་བརྗོད་ན༼  ཁ་བསའ།དྲོས་ཆུ།དྲོས་རྒྱབ།གུང་ཆུ།དགོང་ཆུ།ནུབ་ཆུ།༽  སོགས་ཟེར།གང་ལྟར་གཡང་དཀར་ལུག་གི་འབའ་སྒྲ་དང་འདོ་རིགས་རྟ་ཕོའི་འཚེར་སྐད།ཐུའུ་དཀར་འབྲི་མོའི་ངུར་སྒྲ།ཕྱུགས་རྫི་གཞོན་ནུའི་གླུ་སྐད་སོགས་ཤིན་ཏུ་སྙན་པའི་འབྲོག་སྡེ་ཞིག་ཡིན་པར་མ་ཟད།ཡུལ་ལ་ཁ་རྒྱ་ཆེ་ཞིང་སྡེ་ལ་བཙན་ཕྱུག་ལྡན།མི་རྣམས་ཆོས་ལ་དད་ཅིང་དགེ་བཅུའི་ཆོས་ཁྲིམས་སྲུང་།གཞོན་པས་རྒན་ལ་བཀུར་ཞིང་རྒན་པས་གཞོན་རྣམས་སྐྱོང་།ནང་མི་མཛའ་མཐུན་ཆེ་ཞིང་བདེ་དགའི་དཔལ་ལ་རོལ་བའི་འབྲོག་སྡེ་སྙིང་དུ་སྡུག་པ་ཞིག་ཡིན་ནོ།།

      སྤྱིར་པཎ་ཆེན་རིན་པོ་ཆེས་གསུངས་པ་ཇི་བཞིན་ང་ཚོའི་ཕ་ཡུལ་པ་ཡང༼  ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་ངལ་རྩོལ་མི་དམངས་ཀྱི་བུ་རབས་ཚ་རྒྱུད༽  དག་དག་ཡིན་མོད།ཡིན་ནའང་།སྐབས་ཤིག་ལ་འགྱུར་ལྡོག་བྱུང་མགོ་བརྩམས་པའི་སྔ་ལྟས་སུ་ཐོག་མར་འབྲོག་པ་གཞོན་ནུ་ཕོ་མོ་ཚོས་ར་ལུག་འཚོ་བ་དཀའ་ཚགས་ཆེ་བར་འདོད་ནས་དུད་ཁྱིམ་རེ་རེའི་སྒོ་འགྲམ་ན་ལུག་གཅིག་ཀྱང་མཐོང་རྒྱུ་མེད་པར་བྱས་པ་དེ་རེད།དེ་ནས་ཡང་སྦྲ་དཀའ་ཚགས་ཆེ་བར་འདོད་དེ་དུད་ཁྱིམ་ཚང་མས་སྦྲ་ནག་རས་གུར་ལ་བརྗེ་སོང་།ཡང་དེས་ཀྱང་མ་ཆོག་པར་ཕྱུགས་ཟོག་ཡོད་ཚད་བཙོང་ནས་གྲོང་སྡེར་བབས་ནས་ཚོང་ཁང་ཆུང་ཆུང་རེ་ལ་འབད་ཁུལ་བྱེད་ཀྱིན་ཡོད་པ་ཡང་ཧ་ཅ་མང་པོར་གྱུར།གནས་ཚུལ་འདི་འདྲ་མང་པོ་ཞིག་གི་འོག་ཏུ་ཡང་ཚང་མས་སྡེ་ཐོག་ནས་ཁང་པ་ཆེན་པོ་ཞིག་ལ་འབད་འབུང་བྱས་སོང་།དེང་མ་ངས་འདི་ནས་སློབ་ཆུང་འདོན་སྐབས་ཀྱི་ཁང་པ་ད་སྐབས་གཅིག་ཀྱང་མཐོང་དུ་མེད།ད་སྐབས་ཁང་པ་རྩེག་གཉིས་ལས་གྲུབ་པའི་གྲོང་རྡལ་ཞིག་ཏུ་གྲུབ་འདུག་ཀྱང་ཕྱིའི་བལྟས་ན་གྲོང་སྡེ་ཕྱུག་པོ་ཞིག་གི་སྣང་ཚུལ་མངོན་ཡང་།དོན་དངོས་སུ་འདིའི་ནང་དུ་འབྲུ་ནས་གྲོ་གསུམ་མེད་ལ་གོས་ཕྲུག་ཚར་གསུམ་མེད།གཡུ་བྱུར་རྒྱན་གསུམ་མེད།ཐ་ན་མར་ཆུར་ཏོག་ཙམ་རེ་དང་རྩམ་ཐུས་སྒྲོ་ལི་གང་རེ་ཨེ་ཡོད་ཐེ་ཚོམ་ཧ་ཅང་ཆེ་བར་མ་ཟད།ཕྱི་རྫིག་ནང་སྟོང་གི་ཁང་ར་ཆེན་པོ་དེ་དག་ཀྱང་དོམ་བུ་ལོན་གྱི་སྤྲུལ་པ་དག་དག་ཨེ་ཡིན་སྙམ་སོང་།དེའི་ཕྱིར།ང་ནི་འགྱུར་ལྡོག་འདི་ལ་ཤིན་ཏུ་ཕངས་སོ།།ལོ་བཅུ་ཁ་ཞིག་གི་རིང་ཚུད་ཆོད་ནས་ང་ཕ་ཡུལ་ནས་སྡོད་པ་ཉུང་ཉུང་དུ་གྱུར་ཅིང་མཚམས་རེར་ཕ་ཡུལ་ལ་སླེབས་དུས།ཕ་ཡུལ་གྱི་འགྱུར་ལྡོག་ནི་གནམ་ས་ས་འོག་བརྗེས་པ་ལྟ་བུ་ཞིག་རེད།སྐབས་དེར་ཕ་ཡུལ་གྱི་རྣམ་པར་བལྟས་ནས་དངོས་གནས་དགའ་སོང་།རང་གི་ཕ་ཡུལ་ལ་གློ་བུར་ཏུ་འདི་འདྲའི་ཕྱུག་པོར་འགྱུར་ཐུབ་པ་ནི་ཡིད་ལ་དྲན་ཡང་མི་སྲིད་པ་ཞིག་རེད་སྙམ་སོང་།འོན་ཏེ།ད་སྐབས་ཝ་ཤུལ་རྩང་སྨད་ཚང་ཟེར་བའི་འབྲོག་སྡེ་ཆེན་པོ་འདིའི་ཁྱིམ་ཚང་གང་མང་གྲོང་སྡེར་བབས་ཏེ་རྟ་ནོར་ལུག་གསུམ་མེད་པར་འགྲོ་བཞིན་པའི་སྣང་ཚུལ་འདི་མཐོང་དུས།འདི་ནི་སྔ་ལྟས་བཟང་པོ་ཞིག་མིན་པ་རྟོགས་ཐུབ་ལ་ལྷག་པར་ཏུ་ན་གཞོན་བཟའ་ཟླ་གང་མང་གྲོང་སྡེར་བབས་འདུག་པ་འདི༼  མི་ཕྱུགས༽ གཉིས་ལ་ཉེན་ཁ་ཆེན་པོ་རེད།ཅི་ཞིག་ལ་མི་ཕྱུགས་གཉིས་ལ་ཉེན་ཁ་ཆེ་པོ་རེད་ཟེར་ན།འབྲོག་ལས་བསྐྱུར་ནས་གྲོང་སྡེར་བབས་པ་འདིས་ཐོག་མར་ཕྱུགས་རིགས་ལ་ཉེན་ཁ་ཐོན་པ་ཡིན་ལ་དེ་ནས་མི་ལ་ཉེན་ཁ་ཐོན་བཞིན་པ་ནི་ཕོ་སར་མང་པོ་ཞིག་གིས་གྲོང་སྡེ་ནས་རྒྱན་འཇོག་ཤོ་སྐུགས་བྱེད་བཞིན་པ་འདི་རེད།

      ངས་དུས་རྒྱུན་དུ་ཕ་ཡུལ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར་ན་སུ་ཞིག་གི་རྣ་བར་འགྲོ།ཡིན་ནའང་།ཐག་རིང་རྣ་བས་ཉན་དགོས་ས་དང་ཐུང་ཐུང་མིག་གིས་བལྟ་དགོས་ས་ནི་རང་གི་ཕ་ཡུལ་རེད་འདུག གོ་ཐོས་སུ་ཕ་ཡུལ་གྱི་ཕོ་སར་ཚོ་རྒྱན་སྐུགས་ཤོ་རྒྱག་ལ་ཤིན་ཏུ་དགའ་བོ་འདུག་ཟེར།ཞག་མ་རེ་རེར་དམངས་སྒོར་ཁྲི་གཉིས་གསུམ་རེ་ཕམ་གྱིན་ཡོད་པའང་ཐོས་སོང་།ཕར་གཡུ་ཁོག་དང་ཚུར་རོ་མདའ་སོགས་སུ་སོང་ནས་སྐུགས་ཀྱིན་ཡོད་པ་འདྲ།གང་ལྟར་ཕམ་སོང་བ་ཞིག་ལས་འདི་ཁེ་སོང་བ་རེད་ཟེར་ནས་མཛུབ་ཀུ་གཅིག་སྟོན་ས་མི་འདུག་ཟེར།ནང་སྤུན་ཟླའི་བར་ན་གསང་གི་འདུག་ཀྱང་ཕྱི་སྡེ་བའི་སྟེང་ན་བཤད་ཀྱིན་འདུག

      གནས་ཚུལ་འདི་དག་རྣ་ལམ་དུ་བརྒྱུད་ཡོང་དུས་ཕ་ཡུལ་གྱི་མི་ལ་ཉེན་ཁ་ཆེན་པོ་འདུག་སེམས་སོང་།ཉེན་ཁ་འདི་དཔལ་འབྱོར་གྱོང་རྒུད་ཡིན་པ་ཕར་ཞོགས།རྗེས་རབས་པའི་སློབ་གསོའི་ཐད་ལའང་གྱོང་རྒུད་ཆེན་པོ་ཐེབས་སྲིད།ད་ལྟའི་གནས་ཚུལ་འོག་ཏུ་མུ་མཐུད་དུ་འདི་ལྟར་བགྲོད་པར་བྱས་ན།ཁྱིམ་ཚང་གང་མང་ཞིག་གི་མགོའི་ཁང་པ་ནས་སྒོ་ཁའི་སྒོ་ཁྱི་ཡན་ཆོད་གཞན་ལ་འཆོར་རྒྱུ་ཡིན་པ་མངོན་གསལ་དོད་པོ་རེད།དེ་འདྲ་ཡིན་པས།བཟའ་ཐོར་འབྱུང་སླ་ལ་ནང་མིའི་མཐུན་སྒྲིལ་ཡང་ལྷོད་འགྲོ།ད་དུང་ཁྱིམ་ཚང་དེ་འདྲའི་རིགས་ཀྱི་བུ་ཕྲུག་གིས་སློབ་གསོ་མྱོང་བའི་གོ་སྐབས་ཀྱང་ཤོར་འགྲོ་བ་སོགས་ཡིན།སྤྱིར་འབྲོག་ལས་བསྐྱུར་ནས་གྲོང་དུ་བབས་པ་འདི་མ་འོངས་པའི་དུས་འགྱུར་གྱི་ཁྲོད་དུ་འཚོ་བའི་དཀའ་སྡུག་ལ་འཕྲད་པའི་ཉེན་ཁར་བཅར་པ་ཡིན་ཡང་།གྲོང་དུ་བབས་པ་ནས་ཚོང་ལས་དང་ཞོར་ལས་གང་རུང་ལ་ཧུར་ཐག་འབད་པ་བྱས་ན།ཉེན་ཁ་དེ་ལས་གཡོལ་ལོས་ཐུབ་མོད།འོན་ཀྱང་།གྲོང་སྡེར་བབས་པའི་ཕོ་སར་ཚོས་ཀྱང་བསམ་བློ་ཞིབ་མོ་གཏོང་དགོས་པ་རེད་མ་གཏོགས།ཁྱོད་ཀྱིས་ནམ་རྒྱུན་ཤོ་ཁང་ཇ་ཁང་ནས་ཉི་མ་ཕུད་ཐབས་བྱས་བསྡད་ན།ཁྱོད་ཀྱི་རྒན་མོ་དང་བྱིས་པ་སོགས་ཁྱིམ་ན་རྒྱབ་ལ་གོན་རྒྱུ་དང་ཁ་ལ་བཟའ་རྒྱུ་མེད་ནས་བསྡད་ཨེ་ཡོད་ལ།གལ་ཏེ་རྒན་མོ་དང་བྱིས་པ་དག་འབྲོག་ཏུ་ཡོད་ན།ཆུ་ནག་ཆར་ཁོས་ནང་དུ་སེན་མགོ་ཁྲག་དང་སེན་རྩ་རྣག་བྱས་ཏེ་སྡུག་མྱོང་གིན་ཨེ་ཡོད།རྒན་མོ་དང་བྱིས་པ་སོགས་ཀྱིས་མར་ཆུར་ཏོག་ཙམ་རེ་བསགས་པ་ཁྱོད་ཀྱིས་ཇ་ཁང་དང་ཆང་ཁང་ནང་དུ་བརླག་ཨེ་བཞག རང་ཉིད་ལ་འདང་ཞིག་རྒྱོབས་དང་།ཁྱོད་ཀྱི་སྒོར་མོ་དེ་དག་གནམ་ནས་ཆར་འབབ་འབབ་དང་ས་ནས་རྩྭ་སྐྱེ་སྐྱེ་ཞིག་ཨེ་ཡིན།རང་ཉིད་ལ་སྐྱེས་ཕོ་སར་ཞིག་གི་འགན་ཁུར་ཨེ་ཡོད།ཁྱིམ་གྱི་བུ་ཕྲུག་དང་རྒན་མོ་སོགས་སྐྱིད་ཐབས་བདེ་ཐབས་བྱས་ཏེ་འབད་བཞིན་ཡོད་དམ།ཡང་ན་རང་ཉིད་གཅིག་པུར་སྐྱིད་ཐབས་བདེ་ཐབས་ཀྱིས་ཉི་མ་ཕུད་བཞིན་ཡོད།ང་རང་གིས་མིག་མཐོང་ལག་ཟིན་དུ་དེང་སང་འབྲོག་པའི་ན་གཞོན་གང་མང་ཞིག་དུད་ཆང་གཉིས་ཀ་བྱེད་པའི་གོམས་གཤིས་ཀྱང་ཆགས་ཀྱིན་འདུག སྔོན་ཆད་ང་ཚོའི་སྡེ་བས༼  སློབ་གྲྭ་བ༽  ཟེར་དུས།མ་རབས་ཐ་ཤལ་ཞིག་ཏུ་བརྩི་བ་ཡིན།ཁག་ཀྱང་ཡོད་པ་མ་རེད།སློབ་གྲྭ་ལ་སྐྱོད་མཁན་དག་གྲོགས་པོ་འདྲ་མིན་སྣ་ཚོགས་དང་འཕྲད་པའི་ཤུགས་རྐྱེན་གྱིས་དུད་ཆང་བྱེད་པ་དང་ཤོ་རྒྱན་སྐུགས་པ།སྟེགས་དྲུག་རྒྱག་པ་སོགས་བྱེད།བྱ་སྤྱོད་འདིའི་རིགས་ནི་ང་ཚོའི་ཕ་ཡུལ་རྩང་སྨད་པས་ཧ་ཅང་ཐབས་སྡུག་ཅིག་ཏུ་བརྩི་བ་ཚང་མས་ལོས་ཤེས།ཡིད་སྐྱོ་འོས་པ་ཞིག་ལ་ད་སྐབས་ལྡོག་སྟེ།སློབ་གྲྭ་ལ་བསྐྱོད་མ་མྱོང་བའི་འབྲོག་ཕྲུག་དག་གིས་དུད་ཆང་དང་རྒྱན་སྐུགས་སོགས་བྱེད་བཞིན་འདུག ང་ནི་འགྱུར་ལྡོག་འདི་ལ་བློ་ཤིན་ཏུ་ཕམས་སོང་།རང་ཉིད་ཆུང་དུས་ཀྱི་ཕ་ཡུལ་ལ་བསམ་བློ་རེ་བཏངས་ན།སྔོན་ཆད་ཀྱི་ཕ་ཡུལ་ནི་ད་གཟོད་རྗེ་བླ་མའི་ཆོས་ཁྲིམས་སྲུང་བ།ཡུལ་སྡེ་བར་བཙན་ཕྱུག་ཆེ་བ།མི་སྒེར་གྱི་འགན་ཁུར་ཡོད་པ་སོགས་བདེ་ཞིང་སྐྱིད་པའི་འབྲོག་སྡེ་དག་མ་ཡིད་དུ་འོང་བ་ཞིག་ཡིན་པ་རྟོགས་བྱུང་།དེང་སྐབས་ངའི་ཕ་ཡུལ་གྱི་དུད་ཁྱིམ་གང་མང་ཞིག་སྒོ་ན་ཕྱུགས་དང་ཁྱིམ་དུ་རྒྱུ་མེད་པར་འགྲོ་བཞིན་པ་འདི།ཐོག་མར་ལུག་མེད་པར་བཏང་བ་དང་དེ་ནས་སྦྲ་ནག་རས་གུར་ལ་བརྗེ་བ།རིམ་བཞིན་ཟོག་ཀྱང་འཚོ་དཀའ་བར་འདོད་ནས་འབྲོག་པ་ཡོངས་རྫོགས་མེད་པར་བཏངས་ནས་གྲོང་དུ་བབས་པ།གྲོང་ནས་ཡང་མི་འདྲ་མིན་སྣ་ཚོགས་དང་འབྲེལ་འདྲིས་སུ་གྱུར་ཏེ་ཤོ་རྒྱན་སྐུགས་པའི་ལས་སུ་ཞུགས།མཐར་རྒྱུ་མེད་རྐྱེན་མེད་དུ་གྱུར་ཅིང་དོམ་བུ་ལོན་མང་པོ་མགོ་ལ་བླངས་ཏེ་ཅི་བྱ་གཏོལ་མེད་དུ་འགྱུར་བཞིན་པ་འདི་རེད།འདི་ནི་ང་ཚོའི་ཕ་ཡུལ་བའི་འགྱུར་ལྡོག་རེད།འགྱུར་ལྡོག་འདི་ནི་དང་ཐོག་སྒྱིད་ལུག་ཏུ་གྱུར་བས་མ་ཉན་པ་རེད།དེ་ན་པཎ་ཆེན་རིན་པོ་ཆེས་གསུངས་པ་ཇི་བཞིན༼  ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་ངལ་རྩོལ་མི་དམངས་ཀྱི་བུ་རྒྱུད  ཡང་དག་ཅིག་བྱེད་པར་མཁྱེན་ཟེར་བ་ཡིན་ལགས།  སྤྱིར་ངས་དེ་རིང་བཤད་པའི་སྐད་ཆ་འདི་དག་རང་གི་ཕ་ཡུལ་གྱི་འགྱུར་ལྡོག་བཤད་པ་ཡིན་ཡང་།དོན་དངོས་སུ་ངའི་ཕ་ཡུལ་གཅིག་པུ་མ་རེད།བོད་མདོ་དབུས་ཁམས་གསུམ་གྱི་ས་ཕྱོགས་སོ་སོ་ན་གནས་ཚུལ་འདི་འདྲ་འབྱུང་གིན་ཡོད་ཚོད་རེད།དེའི་ཕྱིར།བོད་ཡུལ་རོང་འབྲོག་གཉིས་པོ་ཉེན་ཁ་འདི་ལས་གཡོལ་བར་བསམ་བློ་ཅུང་ཟད་རེ་ཐོངས་ཞེས་པ་ཡིན་ནོ།།


  • ལེ་ཚན་སྔོན་མ།:ངེད་ཚང་གི་ཨ་ཕ།
  • ལེ་ཚན་རྗེས་མ།:འགན་འཁྲི་དང་གུས་སེམས་ཆེན་པོས་ཏང་གི་འཁྲུངས་སྐར་བསུ།