གླིང་གེ་སར་གྱི་རྗེས་ཤུལ་དང་གནའ་རྫས་སྐོར་ཅུང་ཟད་དཔྱད་པ།།

འབའ་ཨ་ཤེས་དང་བཀྲ་ཤིས་ཚེ་རིང་ནས།    ཁམས་པའི་ཚགས་པ་ལས་དྲངས།    2010-05-14

དང་པོ་།གླིང་གེ་སར་ནི་ལོ་རྒྱུས་ཐོག་དངོས་སུ་བྱུང་མྱོང་བའི་དཔའ་བོ་ཞིག་ཡིན་པའི་སྐོར།སྙན་གྲགས་ཀྱི་འོད་ཟེར་འཛམ་གླིང་ཡོངས་སུ་ལྷམ་མེར་འཕྲོ་བའིགླིང་རྗེ་གེ་སར་ནི་ལྷ་སྒྲུང་ཁྲོད་ཀྱི་རྟོག་བཟོའི་མི་ཞིག་མ་ཡིན་པར་དངོས་སུ་བྱུང་བའི་དཔའ་བོ་ཞིག་ཡིན་པ་དེ་དེང་རབས་བོད་ཀྱི་ཤེས་རིག་བགྲོ་གླེང་གི་བྱ་གཞག་ཁྲོད་དུ་གཏན་འཁེལ་བྱས་ཡོད།རྒྱུ་མཚན་དང་གཞི་བཅོས་ས་ནི།ཁམས་སྡེ་དགེའི་གླིང་ཚང་རུས་མཛོད་ནང་དུ་སྡེ་དགེའི་གླིང་ཚང་རྒྱལ་པོ་ནི་གླིང་གེ་སར་གྱི་གདུང་རྒྱུད་འཁྲུལ་མེད་ཡིན་ཞེས་གསུངས་ཡོད་ཅིང་།སྡེ་དགེའི་གེ་སར་ལྷ་ཁང་དུ་ཐོགས་པའི་དགོན་པ་ཞིག་ཏུ་གེ་སར་གྱི་གནའ་རྫས་མང་པོ་ཡོད་པ་དང་།འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་བཀའ་འབུམ་དང་རྒྱལ་དབང་ལྔ་པའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་འཁྲུངས་རབ་གསོལ་འདེབས་སོགས་སུ་གེ་སར་གྱི་བྱུང་བ་དང་མཛད་རྣམ་རྒྱས་བསྡུས་འདྲ་མིན་བཀོད་ཡོད་པ་བཅས་སོ།།
དེར་བརྟེན།གླིང་གེ་སར་རྒྱལ་པོ་ནི་བོད་རུས་ཆེན་བཞི་ལས་གྱེས་པའི་སྨུག་པོ་ལྡོང་གི་རུས་ལས་སྤྱི་ལོ༡༠༣༨ཙམ་དུ་ས་སྐྱིད་སོས་ཡག་གི་ཁ་མདོ་ཞེས་བྱ་བའི་གནས་དེར་སྐུ་འཁྲུངས་པ་དང་།སྤྱི་ལོ༡༡༡༩ལོར་རྨ་རྒྱལ་གངས་ཀྱི་ཉེ་འདབ་སུ་སྐུ་གཤེགས་པར་གྲགས།ས་སྐྱིད་སོས་ཡག་ཁ་མདོ་ནི་དེང་སྡེ་དགེ་རྫོང་ཨ་ཕྱུག་ཤང་དུ་ཡིན།
གཉིས་པ།གླིང་གེ་སར་གྱི་རྗེས་ཤུལ་དང་གནའ་རྫས་ཡོད་ཚད་འཁྲུལ་བྲལ་མ་ཡིན་པའི་སྐོར།
གླིང་གེ་སར་ནི་ལོ་རྒྱུས་ཐོག་ཏུ་དངོས་སུ་བྱུང་མྱོང་བའི་མི་ཞིག་ཡིན་པས།ཁོང་བཞུགས་པའི་མཁར།དམག་ཏུ་བེད་སྤྱོད་གཏོང་བའི་ཁྲབ་རྨོག་འཁོར་གསུམ།འཚོ་བའི་སྤྱོད་ཆས་སོགས་ཀྱི་རྗེས་ཤུལ་ལམ་གནའ་རྫས་མང་པོ་ཡོད་པ་གོར་མ་ཆགཡིན་ནའང་བོད་ཀྱི་ས་ཆ་གང་རུང་དུ་གླིང་གི་རྗེས་ཤུལ་དང་གནའ་རྫས་མཇལ་རྒྱུ་སྣང་།དཔེར་ན།འབའ་ཐང་ཕྱོགས་ཀྱི་མཚོ་ཕུ་གནས་དང་ཨང་ཀི་གནས་སུ་གླིང་གེ་སར་གྱི་རྟ་རྗེས་དང་།རྟ་བཏགས་ས།བསངས་ཐབ།མ་འབྲུག་མོའི་བལ་འཁེལ་ས་དང་ཞལ་འཁྲུད་ས།ཐ་ན་ཐང་ཤིང་གི་རང་བྱོན་ལ་གེ་སར་གྱི་མདའ་གཞུ་སོགས་མང་ཙམ་མཆིས།མཁྱེན་ལྡན་དག་གིས་མཁྱེན་གསལ་ཡང་དཔྱད་པ་ཅུང་ཙམ་གྱི་བགྱི་ན་འདི་ལྟར་ཏེ།རྗེས་ཤུལ་དང་གནའ་རྫས་དེ་ཚོ་ལས་ཐར་ཐོར་ཙམ་མ་གཏོགས་གེ་སར་གྱི་མིན་སྙམ།གཅིག་ནི་གེ་སར་ནི་ལ་མཐོན་པོ་དང་ཚང་ཚིང་ཁོ་ན་ལ་འགྲོ་བའི་སྐྱོན་དང་ཐུག་འགྲོ།རྗེས་ཤུལ་དེ་དག་ལ་མཐོན་པོ་དང་ཚང་ཚིང་སྟུག་པོར་ཁོ་ན་གནས་སོ།
གཉིས་ནི།ས་ཆ་དེ་ཚོར་མིའི་རིགས་འཚོ་སྡོད་ཀྱི་རྨོག་ཤུལ་མེད་སྟབས་གེ་སར་མཆོག་མི་མེད་ལུང་སྟོང་དུ་ཤ་སྟག་བཞུགས་པའི་སྐྱོན་དང་ཐུག དེ་བས་ཁོ་བོ་བསམས་ན་བོད་ཀྱི་ཡུལ་གྲུ་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་ཀྱི་གནའ་རྫས་དང་རྗེས་ཤུལ་དེ་དག་ཡོད་རྒུ་འཁྲུལ་བྲལ་ཡིན་པའི་ངེས་པ་མེད་དོ།དེ་ཚོ་ནི་ཡུན་རིང་གི་ལོ་རྒྱུས་དུ་སྐྱེ་བོ་ཚོས་གེ་སར་གྱི་མཛད་རྗེས་ལ་ཡིད་སྨོན་སྐྱེས་ཤིང་དང་བ་འདྲེན་པས་རྡོ་ལ་བུ་ག་གཅིག་ཡོད་ན་གེ་སར་གྱི་རྟ་བཏགས་ས་དང་།
ཕ་བོང་སྒོར་སྒོར་བདེ་མོ་ཞིག་ཡོད་ན།དེ་མ་འབྲུག་མོའི་བལ་འཁེལ་ས།མཚེའུ་དྭངས་མ་ཞིག་ཡོད་ན་མ་འབྲུག་མོའི་ཞལ་འཁྲུད་ས།རྡོ་ལ་རྟ་རྨིག་གི་རི་མོ་འདྲ་བ་ཞིག་ཡོད་ན་གེ་སར་གྱི་རྟ་རྗེས་ལ་རྟེན་དུ་འགྱུར་བ་སྙམ་མོ།དེའི་ཐད་མཁྱེན་ལྡན་རྣམས་ཀྱིས་དཔྱད་ཞིབ་མཛད་པར་འཚལ།
 མདོར་ན།ཁ་བའི་ལྗོངས་སུ་རྗེས་ཤུལ་དང་གནའ་རྫས་འཁྲུལ་བྲལ་ངོས་འཛིན་བྱེད་དགོས་པའི་དོ་གལ་ཤིན་ཏུ་ཆེའོ།
  • ལེ་ཚན་སྔོན་མ།: གེ་སར་གྱི་ཆིབས་པ་འདོགས་སའི་ཀ་བ།
  • ལེ་ཚན་རྗེས་མ།:གསེར་རྟ་ཡུལ་གྱི་གླིང་གེ་སར་རྒྱལ་པོ་དང་འབྲེལ་བའི་ས་མིང་འགའ།
  • དོ་སྣང་ཆེ་བའི་རྩོམ།