བརྒྱད་ཟིལ་གྱི་མིང་གི་འབྱུང་ཁུངས།

བཀྲ་ཤིས་དང་ཡེ་མགོན། སྐལ་ཐུབ། བདེ་ཆེན།        2017-06-21

 བརྒྱད་ཟིལ་གྱི་མིང་གི་འབྱུང་ཁུངས།
བརྒྱད་ཟིལ་གྱི་གཡག

བརྒྱད་ཟིལ་གྱི་མིང་གི་འབྱུང་ཁུངས།   

   བརྒྱད་ཟིལ་ཞེས་པའི་ཐ་སྙད་འདིར་བཤད་སྲོལ་གཉིས་འདུག ས་གནས་དེ་གའི་དཔྱད་གཞིའི་ཡིག་རིགས་ནང་བཀོད་པར་གཞིགས་ན།སྤྱི་ལོ༡༥༦༧ལོར་དབུས་གཙང་གི་བླ་མ་སྐལ་བཟང་ཉི་མ་ཁམས་ཕྱོགས་སུ་སངས་རྒྱས་ཆོས་ལུགས་སྤེལ་བར་ཕེབས་པའི་སྐབས་སུ་དེང་སང་གི་ཐང་འགོ་ཤང་གྲོང་འགོ་གྲོང་སྡེའི་ནང་དགོན་པ་བཞེངས་ནས་བརྒྱད་ཟུར་དགོན་ཞེས་བཏགས།  རྒྱུ་མཚན་ནི་མངའ་ཁོངས་སུ་མཁར་རྫོང་ཟུར་བརྒྱད་ཅན་འབེལ་པོ་ཡོད་པའི་དབང་གིས་བརྒྱད་ཟུར་ཞེས་མིང་བཏགས་པ་རེད་ཅེས་བཀོད་འདུག  ཉན་ཤུལ་འཇམ་དབྱངས་གྲགས་པས་ཀྱང་རྫོང་སྲིད་གཞུང་ཡོད་སར་མཁར་ཟུར་བརྒྱད་ཅན་ཞིག་ཡོད་པས་རྗེས་གྲུབ་ཀྱི་ཚུལ་དུ་ས་མིང་འདི་བཏགས་ཤིང་། ས་གནས་འདི་ནི་མི་ཉག་རབ་སྒང་གི་ཁོངས་སུ་གཏོགས་པ་ཡིན་ཞེས་གསུངས།  

                                              བརྒྱད་ཟིལ་གྱི་མིང་གི་འབྱུང་ཁུངས།
འོད་སྐྱིད་མཚོའམ་དབུས་གཤོམ་མཚོའི་འགྲམ།

    ས་གནས་དེ་གའི་དམངས་ཁྲོད་དུ་ཁྱབ་རྒྱ་ཆེ་བའི་བཤད་སྲོལ་ལ་སྔོན་དུས་སུ་ས་གནས་འདིར་ནག་པོ་བདུད་ཀྱིས་གནོད་འཚེ་བར་ཆད་བཟོས་ནས་ཡུལ་མི་རྣམས་འཇིགས་སྐྲག་གི་གནས་སུ་འཚོ་དགོས་ཀྱིན་ཡོད་པའི་སྐབས་སུ། འགག་ཨ་བྲ་ཆོས་རྒྱལ་ཟེར་བའི་སྐྱེས་ཆེན་དམ་པ་ཞིག་གིས་རྒྱ་གར་ནས་རིན་ཐང་གཞལ་དུ་མེད་པའི་གསེར་སྐུ་རྩ་ཆེན་པོ་ཞིག་བརྒྱད་ཟུར་དགོན་དུ་གདན་དྲངས་ནས་ཕྱོགས་བརྒྱད་ཀྱི་བདུད་དཔུང་ཟིལ་གྱིས་གནོན་བྱེད་དུ་དགོན་པ་དེར་བཞག་རྗེས། བརྒྱད་ཟུར་གྱི་ཟུར་འདི་ཟིལ་དུ་བསྒྱུར་ནས་བརྒྱད་ཟིལ་དགོན་ཞེས་མིང་བཏགས་པ་ཡིན་ཚུལ་བཤད་རྒྱུ་མཆིས།  རྫོང་གི་མིང་ཡང་དགོན་པའི་མིང་ལ་བརྟེན་ནས་བཏགས་པ་ཞིག་རེད།  བརྒྱད་ཟིལ་ལ་རྒྱ་སྐད་དུ(九龙)ཞེས་བྲིས་སྲོལ་ཆགས་པ་ནི་བརྒྱད་ཟིལ་རོང་། ས་ལྔ་རོང་། མིག་འོ་རོང་། མུ་ཏིག་རོང་། ཇ་ཐང་རོང་། ཧོར་རྦ་རོང་། ཤར་ཁ་རོང་། སྤུ་སྲེག་རོང་། སྤེའུ་རོང(སྤྲེའུ་རོང་། ) བཅས་རོང་དགུ་ཡོད་པའི་མངའ་ཁོངས་ཡིན་ཕྱིར་རྒྱ་ཡིག་གི་ཐོག་ནས九龙ཞེས་བསྒྱུར་བ་རེད།

བརྒྱད་ཟིལ་གྱི་མིང་གི་འབྱུང་ཁུངས།
བརྒྱལ་ཟིལ་གྱི་གྲོང་སྡེ།

     བརྒྱད་ཟིལ་རྫོང་གི་གནས་ཚུལ་མདོར་བསྡུས།

   བརྒྱད་ཟིལ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་རྒྱུད་དང་དཀར་མཛེས་ཁུལ་གྱི་ཤར་ལྷོའི་མཚམས་སུ་ཆགས་ཡོད་ཅིང་།སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་6770དང་རྫོང་སྲིད་གཞུང་ནི་མཚོ་འཕགས་སྨི2925ཡོད་པའི་ཐང་འགོ་ཤང་དུ་ཡོད་པ་རེད། མངའ་ཁོངས་སུ་ཤང༡༦དང་གྲོང་རྡལ༡   སྲིད་འཛིན་གྲོང་སྡེ༦༣   བོད་རིགས་དང་དབྱིས་རིགས།རྒྱ་རིགས་ཀྱིས་གཙོས་པའི་རྒྱུན་སྡོད་མི་གྲངས་ཁྲི་དྲུག་སྟོང་བདུན་ལྷག་ཡོད་པའི་རྫོང་ཞིག་རེད།  བརྒྱད་ཟིལ་གྱི་གཡེར་མ་དང་གནག་ཕྱུགས་ཡུལ་གྲུ་ཀུན་ཏུ་གྲགས་ཁྱབ་ཆེ་ལ་སྤུས་ཀ་ལེགས་པའི་ཟངས་སོགས་གཏེར་ཁ་འབེལ་པོ་ཡོད།

བརྒྱད་ཟིལ་གྱི་མིང་གི་འབྱུང་ཁུངས།
བརྒྱད་ཟིལ་གྱི་རིག་གནས་མཛེས་ལྗོངས།

བརྒྱད་ཟིལ་གྱི་མིང་གི་འབྱུང་ཁུངས།
བརྒྱད་ཟིལ་གྱི་གནའ་མཁར།

     བརྒྱད་ཟིལ་རྫོང་ལ་དུས་ཡུན་རིང་པོའི་ནང་མི་རིགས་སོ་སོས་ཕན་ཚུན་མཉམ་འབྲེལ་བྱས་པ་དང་ཐུན་མོང་དུ་འཕེལ་རྒྱས་བཏང་ནས་དམིགས་བསལ་གྱི་ཁྱད་ཆོས་ཡོད་པའི་མི་རིགས་གོམས་སྲོལ་གྱི་རིག་གནས་གྲུབ་ཅིང་། བོད་རིགས་ལ་དམིགས་བསལ་གྱི་རིག་གནས་གོམས་སྲོལ་ཡོད་ལ། དབྱིས་རིགས་ས་ཁུལ་ལ་གདོད་མའི་འགྲོ་སྡོད་བཟའ་གསུམ་གྱི་གོམས་སྲོལ་རིག་གནས་ཀྱང་ཉམས་སུ་མྱོང་རྒྱུ་ཡོད་པ་རེད། མཛེས་ལྗོངས་འོད་སྐྱིད་མཚོའམ་དབུས་གཤོམ་མཚོ་ནི་བརྒྱད་ཟིལ་རྫོང་གི་བྱང་རྒྱུད་དུ་ཡོད་ཅིང་། རྫོང་གི་གྲོང་ཁུལ་དང་སྤྱི་ལེ༢༥ཙམ་རྒྱང་བ་རེད།  

བརྒྱད་ཟིལ་གྱི་མིང་གི་འབྱུང་ཁུངས།

འོད་སྐྱིད་མཚོའམ་དབུས་གཤོམ་མཚོ།

     མཛེས་ལྗོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ༤༠༠ཡོད་ཅིང་། མཛེས་ལྗོངས་འདི་ནི་ཅུ་ཁྲོད་ལུང་པ་དང་འོད་སྐྱིད་ལུང་པ། རི་ལུང་ཁུག    རྩྭ་ཐང་སྟེང་བཅས་ལས་གྲུབ་པའི་རི་ཐོག་གི་མཚེའུ་དང་གདོད་མའི་ནགས་ཚལ།  རྩྭ་ཐང་།གངས་རི། རྦབ་ཆུ། ཚྭ་ཆུ་དང་བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་གཅིག་འདུས་ཀྱི་རང་བྱུང་མཛེས་ལྗོངས་ཤིག་ཡིན་པ་རེད། དེས་མ་ཚད་ད་དུང་ཡིད་དབང་ཤོར་བའི་ཤར་ཁའི་མཛེས་ལྗོངས་ཁུལ་དང་མི་ཡུལ་གྱི་ཞིང་ཁམས་ལྷ་མོ་མཚོའི་མཛེས་ལྗོངས་སུ་བོད་རིགས་དང་དབྱིས་རིགས་རྒྱ་རིགས་ལ་སོགས་པའི་མི་རིགས་སོ་སོའི་གོམས་སྲོལ་རིག་གནས་འཆམ་མཐུན་གྱིས་མཉམ་དུ་གནས་ཡོད་པ་རེད།

བརྒྱད་ཟིལ་གྱི་མིང་གི་འབྱུང་ཁུངས།
རི་ལུང་ཁུག

བརྒྱད་ཟིལ་གྱི་མིང་གི་འབྱུང་ཁུངས།
བརྒྱད་ཟིལ་གྱི་འབྲོག་ས།

བརྒྱད་ཟིལ་གྱི་མིང་གི་འབྱུང་ཁུངས།
འོད་སྐྱིད་གྲོང་པ།

བརྒྱད་ཟིལ་གྱི་མིང་གི་འབྱུང་ཁུངས།
སྐྱེད་ཁྲིད་རི།

བརྒྱད་ཟིལ་གྱི་མིང་གི་འབྱུང་ཁུངས།
བརྒྱད་ཟིལ་གྱི་རི་ཆུ།

བརྒྱད་ཟིལ་རྫོང་གི་ལམ་སྒྲོན་གྱི་ཁྱད་ཆོས། 

  བརྒྱད་ཟིལ་རྫོང་གི་རྫོང་གྲོང་གི་ལམ་སྒྲོན་ནི་ཀ་བ་འབྲུག་རིས་ཅན་གྱི་ཐོག་ལ་འབྲུག་མགོ་རྔམ་བརྗིད་ཅན་ཞིག་གིས་བརྒྱན་ཞིང་། འབྲུག་གིས་ཞལ་གདངས་པའི་ནང་ནོར་བུ་སེར་པོ་ཞིག་ཁུར་ཡོད་པ་དང་། ནོར་བུ་དེ་ནི་སྒྲོན་སྣོད་ཀྱི་ཚུལ་དུ་འོག་ལ་འཕྱངས་ཡོད།  བརྒྱད་ཟིལ་དུ་ལུང་རྒྱུད་དགུ་འབྲུག་ལྟར་འཁྱིལ་ཡོད་པའི་བརྗོད་དོན་མཚོན་ཞིང་། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ས་གནས་རིག་གནས་ཀྱི་ཤན་མངོན་པར་ཞུགས་ཡོད་དོ།། 

བརྒྱད་ཟིལ་གྱི་མིང་གི་འབྱུང་ཁུངས།

 

 

  • ལེ་ཚན་སྔོན་མ།:ལི་ཐང་གི་མིང་གི་འབྱུང་ཁུངས།
  • ལེ་ཚན་རྗེས་མ།:འབའ་ཐང་གི་མིང་གི་འབྱུང་ཁུངས།
  • དོ་སྣང་ཆེ་བའི་རྩོམ།