ཡུན་ཕན་དབུལ་སྐྱོར་གྱི་འགག་རྩ་སྐོར་གླེང་བ།

སྐལ་ཐུབ་ཀྱིས།        2017-05-08

གསར་འགོད་པ་རང་ཁུལ་བྱང་རྒྱུད་ཀྱི་རྫོང་ཁག་བརྒྱད་དུ་ཕྱིན་ནས་རྫོང་དེ་དག་གིས་དབུལ་སྐྱོར་གནད་སྨིན་བྱས་ཚུལ་ལ་རྒྱུས་ལོན་བྱས་པར་གཞིགས་ན། ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་པོའི་ཞྭ་མོ་ཕུད་ཐབས་བྱེད་པ་ནི་རྫོང་སོ་སོའི་ལས་སྟངས་གཙོ་བོ་རེད་འདུག ཐོན་ལས་ཀྱི་འདེགས་སྐྱོར་མེད་པའི་དབུལ་སྐྱོར་གྱི་མཐའ་འཁྱོངས་དཀའ་ཞིང་ནམ་ཞིག་དབུལ་པོའི་སྔ་མལ་དུ་ལོག་ངེས་པའི་གཅིག་གྱུར་གྱི་ལྟ་ཚུལ་ཞིག་གོང་འོག་ཚང་མ་ལ་ཆགས་ཟིན་པ་རེད། དེ་ཡང་རྫོང་སོ་སོའི་ས་གཤིས་དང་གནམ་གཤིས་སོགས་ཀྱི་ཆ་རྐྱེན་མི་འདྲ་བར་བརྟེན། ཐོན་ལས་འཕེལ་རྒྱས་གཏོང་སྟངས་ཐད་ལ་ཡང་བྱང་ཚྭ་ཁ་ནོར་བུའི་བང་མཛོད་ལ། བསྙབས་པ་ལག་པ་སུ་རིང་ཞེས་པའི་དཔེ་ལྟར་སོ་སོས་བྱེད་ཐབས་སྣ་མང་སྤྱད་དང་སྤྱོད་བཞིན་ཡོད།

ཞིང་སྡེར་མཚོན་ན་ས་རྒྱ་ཆེ་ཞིང་ཁོད་སྙོམས་པོ་ཡོད་པའི་རྫོང་ཁག་གིས་དབུལ་ཕོངས་གྲོང་སྡེའི་ཐོན་ལས་དབུལ་སྐྱོར་གཙོས་པའི་མ་དངུལ་གང་ལོན་ལོན་ཕྱོགས་གཅིག་ཏུ་སྡེབ་སྒྲིག་བྱས་ཏེ་སྣེ་ཁྲིད་ཁེ་ལས་ཤིག་གདན་དྲངས་ནས་འདེབས་འཛུགས་དང་གསོ་སྤེལ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་དང་གཏོང་བཞིན་ཡོད། དེ་ཡང་ཞིང་པའི་ཡོང་འབབ་ཐད་ནས་བཤད་ན། ཕྱོགས་གཅིག་ནས་ཞིང་པས་ས་ཞིང་སྤོ་རྒྱུད་དམ་བོགས་མར་བཏང་ནས་ཡོང་འབབ་ཅིག་རག་པ་དང་། ཕྱོགས་གཉིས་ནས་ཁེ་ལས་སུ་ངལ་ལས་བརྒྱབ་ནས་ཡོང་འབབ་ཅིག་རག་པ་རེད། དེ་མིན་ཁྱིམ་ཚང་ལ་ད་དུང་མི་ལག་ཡོད་ན་ཟུར་ལས་གཞན་དག་བསྒྲུབས་ནས་ཡོང་འབབ་རག་ཐབས་བྱེད་ཆོག་གི་ཡོད། སྲོལ་རྒྱུན་གྱི་གྲོ་ནས་དང་ཞོག་ཁོག་སོགས་འདེབས་འཛུགས་བྱས་ནས་ཐོབ་པའི་ཡོང་འབབ་དང་བསྡུར་ན་ཐོན་ལས་འཕེལ་རྒྱས་བཏང་ནས་ཐོབ་པའི་ཡོང་འབབ་ཆེ་བར་མ་ཟད། ལུས་སེམས་ཀྱི་ཁུར་པོ་ཇེ་ཡང་དུ་བཏང་ཐུབ་ཀྱི་ཡོད། དེ་བཞིན་འབྲོག་སྡེར་མཚོན་ན་གོ་སྐབས་དང་ཆ་རྐྱེན་འཛོམས་པའི་འབྲོག་དམངས་ཚོས་མ་རྐང་ཞུགས་པའི་ཐབས་ལ་བརྟེན་ནས་ཕྱུགས་ལས་མཉམ་ལས་ཁང་བཙུགས་ཏེ་དབུལ་པོའི་ཞྭ་མོ་ཕུད་ཐབས་བྱེད་ཀྱི་ཡོད་པ་རེད། དེ་སྔོན་ས་ཞིང་སྤྱོད་དབང་རང་ལ་མེད་པའི་མཉམ་ལས་ཁང་བཙུགས་པ་དང་ད་ལྟར་ས་ཞིང་སྤྱོད་དབང་རང་ལ་ཡོད་པའི་མཉམ་ལས་ཁང་འཛུགས་པ་གཉིས་གཏན་ནས་མི་འདྲ་བར་མ་ཟད། ཞིང་འབྲོག་པའི་ཧུར་བརྩོན་རང་བཞིན་ལ་ཡང་གནམ་སའི་ཁྱད་པར་ཡོད་པ་རེད།

ཡང་ཞིང་འབྲོག་གི་དབུལ་ཕོངས་གྲོང་སྡེ་ཁ་ཤས་ལ་ ཐོན་ལས་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་འཛོམས་དཀོན་པས་རྫོང་ཁ་ཤས་ཀྱིས་གནས་སྤོ་ཐོན་ལས་ཞེས་དབུལ་ཕོངས་གྲོང་སྡེ་འགའི་རྒྱལ་ཁབ་ཀྱིས་བྱིན་པའི་དབུལ་སྐྱོར་མ་དངུལ་ཟླ་བསྒྲིལ་བཏང་བའི་རྨང་གཞིའི་ཐོག སྲིད་གཞུང་གིས་ཁ་གསབ་མ་དངུལ་ཁག་ཅིག་རག་ཐབས་དང་། ཡུལ་མི་རང་གིས་མ་རྐང་གི་ཚུལ་དུ་མ་དངུལ་ཁག་ཅིག་འཇོག་པའི་བྱེད་ཐབས་ལ་བརྟེན་ནས་རྫོང་གྲོང་དང་ཡང་ན་ས་བབ་ལེགས་ཤོས་ཤིག་བདམ་ནས་ཐོན་ལས་ལྡུམ་ཁུལ་བཙུགས་ཏེ་ཚོང་གཉེར་གྱི་རྣམ་པའི་ཐོག་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བ་རེད། བྱེད་ཐབས་དེ་དག་གི་མཐར་ཐུག་དམིགས་ཡུལ་ནི་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ཡོང་བ་དེ་ཡིན་མོད། འོན་ཀྱང་ས་གནས་རང་གི་མང་ཚོགས་ལ་འདེབས་འཛུགས་དང་གསོ་སྤེལ་སོགས་ཀྱི་ལག་རྩལ་མི་ཤེས་པ་འདི་ནི་ཐོན་ལས་འཕེལ་རྒྱས་གཏོང་བའི་བཀག་རྡོ་ཆེ་ཤོས་སུ་གྱུར་ཡོད། དེའི་དབང་གིས་ཡུལ་གཞན་ནས་ལག་རྩལ་ཤེས་མཁན་གྱི་སྣེ་ཁྲིད་ཁེ་ལས་མི་འདྲེན་ཐབས་མེད་པ་རེད། དེ་ལྟར་བྱས་ཚེ་ས་གནས་རང་ཉིད་ཀྱི་དབུལ་ཕོངས་མང་ཚོགས་ཀྱིས་འདེབས་འཛུགས་གསོ་སྤེལ་གྱི་ལག་རྩལ་བྱང་ཆུབ་པ་ཞིག་ཤེས་པར་མ་ཟད་དེ་ལྟ་བུའི་ཐོན་ལས་འཕེལ་རྒྱས་གཏོང་འདོད་ཀྱི་ངར་ཤུགས་གཏིང་ནས་སྐྱེས་མ་ཚར་བའི་བར་དུ་ནམ་ཡང་ཁེ་ཕན་ཆེན་པོ་འཐོབ་མཁན་ནི་ཁེ་ལས་ཡིན་པ་ལས་དབུལ་ཕོངས་མང་ཚོགས་མིན་པས། ས་གནས་སོ་སོས་ད་ནས་བཟུང་སྟེ་ས་གནས་རང་ཉིད་ཀྱི་མང་ཚོགས་ལ་རིགས་སྣ་མང་གི་ལག་རྩལ་གསོ་སྦྱོང་བྱ་རྒྱུའི་ལས་ཀར་སྔར་མེད་ཀྱི་མཐོང་ཆེན་བྱས་ཏེ་དོན་ཐོག་འཁྱོལ་ཐུབ་པར་བྱ་དགོས། དེ་ནི་ཡུན་ཕན་དབུལ་སྐྱོར་གྱི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ་གཞན་བརྟེན་འཚོ་བའི་འདམ་རྫབ་ལས་ཐར་བའི་སྐྱོབ་ཐག་ལྟ་བུ་ཡང་ཡིན་ནོ།།


  • ལེ་ཚན་སྔོན་མ།:གངས་ཅན་མེས་པོའི་ཡིག་གཟུགས་འབྲི་བའི་ཐབས་ལམ་དང་རང་ཉིད་ཀྱི་བཤད་འདོད་པའི་སྐད་ཆ་འགའ།
  • ལེ་ཚན་རྗེས་མ།:དགེ་རྒན་གྱི་འོས་འགན་སྐོར་རགས་ཙམ་བརྗོད་པ།
  • དོ་སྣང་ཆེ་བའི་རྩོམ།