འབའ་ཚྭ་ཆེན་སུམ་མདོ།

    དཔལ་ཡུལ་དམངས་ཁྲོད་རིག་གནས་འཚོལ་བསྡུ་མཐུན་ཚོགས།    2017-05-05

འབའ་ཚྭ་ཆེན་སུམ་མདོ་ནི་ད་ལྟའི་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་འབའ་རོང་ཡུལ་ཤོག་གི་ས་ཆ་འབའ་གངས་དཀར་གྱི་ཉེ་འདབས་སུ་ཆགས་ཤིང་ཁྱོན་སྨི་གྲུ་བཞི་མ༡༤༣༥༨༢ཙམ་ཡོད།

ས་ཆ་དེར་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་པའི་གངས་རི་དང་རྫ་རི། མཚོ་དང་མཚེའུ། སྤང་ལྗོངས་དང་མེ་ཏོག  ད་དུང་འཛམ་གླིང་ན་ཆེས་སྐད་གྲགས་ཆེ་བའི་རྩ་ཆེའི་སྨན་རིགས་དབྱར་རྩྭ་དགུན་འབུ་དང་། གུར་གུམ། སྙི་བ་སོགས་སྨན་སྣ་མང་དུ་མཆིས།

 ཤྭ་སྐྱ་དང་གངས་གཟིག ནགས་གླ། གནའ་བ། ཁྲུང་ཁྲུང་། ངང་བ། བྱ་བོང་། གོང་མོ་སོགས་བྱ་རིགས་དང་རི་དྭགས་གཅན་གཟན་གྱི་རིགས་སོགས་ཤིན་ཏུ་མང་བའི་ས་ཆ་ཞིག་ཏུ་ཆགས་ཡོད།

གནའ་བོའི་བགྲེས་པོ་རྣམས་ཀྱིས་ས་འདིར་གངས་སེང་ཡོད་ཅེས་བཤད་སྲོལ་ཡོད། ཉེ་འཁོར་རུ་ཡོད་པའི་སྨན་པ་རྣམས་ས་འདིར་སྨན་རྩྭ་འཐུ་སར་རྟག་པར་ཡོང་གི་ཡོད། ཚྭ་ཆེན་སུམ་མདོ་ཟེར་བའི་མིང་འདི་ཐོག་མར་འབའ་རོང་བའི་མེས་པོ་གོང་མ་ཚོ་ནས་ད་ལྟའི་བར་དུ་གནས་པ་ཡིན་ལ། སྤྱི་ལོ་༢༠༠༣ལོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཆོག་མཆན་ཐོབ་ནས། ད་སྐབས་ས་ཆ་འདི་ནི་རྒྱལ་ཁབ་རིམ་པའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་གལ་ཆེན་ཞིག་ཏུ་ཆགས་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོབ་སྲོལ་ཡིག་ནང་ལ། སྲུང་སྐྱོབ་ས་ཁུལ་ཡོངས་ན་གཏེར་ཁ་སྔོག་འདོན་དང་ས་རྐོ་རྡོ་སློག ཤིང་ནགས་བཅད་གཏུབ་བྱེད་མི་ཆོག་ཅེས་གཏན་འབེབས་བྱས་ཡོད་པས་གཙོ་བོ་ཁོར་ཡུག་དེ་ན་ཡོད་པའི་རི་སྐྱེས་སྲོག་ཆགས་དག་ལ་སྲུང་སྐྱོབ་ལེགས་པོ་ཞིག་གནང་རྒྱུ་ནི་རྒྱལ་ཁབ་ཀྱི་ཁྲིམས་ཙམ་དུ་མ་ཟད་ས་གནས་དེ་གའི་ཡུལ་མི་ཚོས་ཀྱང་མ་སྐུལ་དང་བླང་གི་འོས་འགན་ཞིག་ཏུ་བཟུང་ནས་བརྩོན་བཞིན་ཡོད།


  • ལེ་ཚན་སྔོན་མ།:བློ་བྲོས་བའི་ཤུལ།
  • ལེ་ཚན་རྗེས་མ།:དར་རྩེ་མདོ་གྲོང་གི་དགོན་ཁག་བདུན།