གངས་དཀར་སྲས་མོ།

ཨོ་རྒྱན་དོན་གྲུབ།        2017-03-30

གངས་དཀར་སྲས་མོ།

བོད་ཀྱི་གླུ་མ་གྲགས་ཅན་ཚེ་རིང་གཡང་འཛོམས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ་ལ་ཕྱི་མིག་གིས་བལྟས་པ།


ལྷན་སྐྱེས་ཀྱི་མགྲིན་ངག་སྙན་མོ་ལ་དབྱངས་ཅན་མའི་པི་ཝང་གི་བྱིན་རླབས་ཐོབ་པ་ལྟར་སྙན་མོ་ངག་ལ་རང་དབང་འབྱོར་བའི་བོད་ཀྱི་གླུ་མ་གྲགས་ཅན་ཚེ་རིང་གཡང་འཛོམས་ནི། བོད་ཀྱི་ས་ཆེན་པོ་སྟོད་སྨད་བར་གསུམ་དུ་ཕྱེས་ཡོད་པ་ལས་བར་དབུས་གཙང་རུ་བཞི་རུ་གྲགས་པའི་ནང་ཚན་བོད་ལྗོངས་ལྷོ་ཁ་ས་ཁུལ་མེས་པོའི་གངས་དཀར་རྫོང་གི་མི་ཁྱིམ་ཕལ་བ་ཞིག་ནས་རྣམ་ཤེས་རྙིང་པ་ཞིག་གི་ཚེ་སྲོག་རྙེད་དེ་དུས་རབས་གོང་མའི་དུས་མཇུག་ཏུ་མི་ཡུལ་གྱི་ཞིང་ཁམས་འགྲིམ། ན་ཆུང་བྱིས་དུས་ནས་ཡུལ་སྡེའི་རྒན་རབས་དག་གི་དྲུང་ནས་དམངས་ཁྲོད་ཀྱི་གླུ་དང་དབྱངས་རྟ་སོགས་ལ་མ་སྐུལ་ངང་གིས་འཇུག་པས་ཆུང་རྩེད་ར་གྲུ་བཞིར་འགྲིམ་སྐབས་ནས་ཆུང་གྲོགས་བྱིས་པ་དག་དང་ལྷན་དུ་ནོར་གནག་གི་སུག་རྗེས་དང་འབྲུ་དྲུག་གི་སྙེ་མའི་བར་གསེང་ནས་ཕ་ཡུལ་གྱི་དམངས་གླུ་ངག་ལ་གྱེར་བས་ཡུལ་མི་རྒན་གཞོན་ཀུན་གྱིས་བུ་མོ་ཆུང་ཆུང་འདི་ནི་རང་ཅག་ཡུལ་སྡེའི་གླུ་གར་སྒྱུ་རྩལ་ཕ་ཤུལ་བུ་ཡིས་ཟིན་མཁན་ཞིག་ཡོང་བ་ཐག་གིས་ཆོད་ཅེས་དགའ་བ་འབུམ་གྱིས་ཕྱུག་སྟེ་བསྟོད་པའི་མཐེ་བོང་བསྒྲེངས།

གངས་དཀར་སྲས་མོ།

   ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དུངས་ཞེན་གྱི་ཕུགས་སུ་རུམ་ཞིང་མེས་པོ་ནས་མེས་པོ་བརྒྱུད་པའི་དམངས་ཁྲོད་ཀྱི་གླུ་དབྱངས་སྙན་མོ་ལྷན་སྐྱེས་ཀྱི་མགྲིན་ངག་ནས་གྱེར་ཚེ་དབྱངས་གསལ་གཉིས་ཀྱིས་བཅོས་མེད་ཀྱི་བརྩེ་བས་བསླུས་ནས་སློབ་གྲྭའི་རིག་པའི་སྒོ་ཐེམ་རྡོག་པས་མནན་ཏེ་རྒྱ་བོད་ཡིག་རིགས་ཀྱི་རྨང་གཞི་བཞག་པའི་མགོ་བརྩམས། ཁོ་མོའི་ཐུན་མིན་གྱི་སྐད་ངག་ལ་ལྷན་སྐྱེས་ཀྱི་མགྲིན་ངག་གི་ཡོན་ཏན་ཡོངས་སུ་ཚང་བས་སློབ་གྲྭའི་སྦྱང་བྱ་ལས་གཞན་གླུ་གཞས་ཀྱི་ཤེས་བྱ་གང་མང་ལ་རང་སྦྱོང་བྱས་པས་གླུ་གར་སྒྱུ་རྩལ་གྱི་ཤེས་བྱ་གང་མང་ཞིག་རང་རྒྱུད་དུ་འབྱོར་བས་རྗེས་ཕྱོགས་གླུ་གཞས་ཀྱི་ལམ་བུར་བསྐྱོད་པའི་རྨང་གཞི་ངེས་ཅན་བཞག

   སྤྱི་ལོ2002ལོར་ཡུན་རིང་ཕུགས་སུ་ཉལ་བའི་འདུན་མ་མངོན་འགྱུར་བྱུང་སྟེ་ཧྲང་ཧེ་རོལ་དབྱངས་སློབ་གླིང་གི་གླུ་དབྱངས་སྡེ་ཁག་ཏུ་རྒྱུགས་འཕྲོད། སློབ་གྲྭ་དེ་ག་ནས་གླུ་གཞས་སྒྱུ་རྩལ་གྱི་ཆེད་མཁས་དགེ་རྒན་གང་མང་ལ་བསྟེན་ནས་གླུ་དབྱངས་ཀྱི་རིག་གཞུང་དང་དབྱངས་རྟའི་ལག་ལེན་ཀུན་ལ་སྐོམ་པས་ཆུ་འདོད་ལྟར་སྦྱོང་བ་བྱས་པས་བུ་མོ་ཆུང་ཆུང་འདིའི་ལྷན་སྐྱེས་ཀྱི་མགྲིན་ངག་ལ་དེང་རབས་ཀྱི་རོལ་དབྱངས་ཀྱི་རམ་འདེགས་ཐོབ་པས། གར་སྟེགས་གང་མང་ནས་མཐོང་ཆོས་སུ་གྱུར་པའི་བོད་ཀྱི་གླུ་མ་ཞེས་མིང་གྲགས་ཅན་ཞིག་ཏུ་གྱུར། སྤྱི་ལོ2005ལོར་སློབ་གླིང་དེ་ག་ནས་སློབ་མཐར་ཕྱིན་ཅིང་མུ་མཐུད་ནས་སི་ཁྲོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དེང་རབས་སྒྱུ་རྩལ་སློབ་གླིང་དུ་ཞུགས་ནས་གནའ་དེང་གི་གླུ་དབྱངས་ཤེས་བྱ་གང་མང་ལ་འབད་པས་སྦྱངས་བས་གླུ་གཞས་སྒྱུ་རྩལ་གྱི་རྨང་གཞི་ལ་སྔ་ན་མེད་པའི་ཤེས་བྱ་གང་མང་གིས་ཁ་བསྐངས་བས་མ་ཚད་སློབ་གླིང་དེ་ག་ནས་བགྲང་བྱ་ཧྲིལ་པོ་གཉིས་ཀྱི་རིང་ལ་ཕྱི་གླིང་རོལ་མོ་གང་མང་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་པས་རིགས་མི་འདྲ་བའི་མི་རིགས་གང་མང་གི་དེང་རབས་རོལ་མོའི་ཤེས་བྱ་གང་མང་རང་རྒྱུད་དུ་འབྱོར།  སྤྱི་ལོ2007ལོར་སློབ་གྲྭ་དེ་ག་ནས་སློབ་ཐོན་བྱུང་ཞིང་ཕ་ཡུལ་ལྷོ་ཁ་ཉིང་ཁྲི་ས་ཁུལ་དུ་ཕྱིར་ལོག་སྟེ་ས་ཁུལ་དེའི་མི་རིགས་སྒྱུ་རྩལ་ཚོགས་པར་ཞུགས་ནས་ཚོགས་པ་དེའི་གླུ་མའི་ལས་ཐོབ་དང་དུ་བླངས་ནས་དམངས་ཁྲོད་ཀྱི་གླུ་གཞས་དབྱངས་རྟ་གང་མང་ལ་འབད་པ་ལྷུ་རུ་བླངས།

གངས་དཀར་སྲས་མོ།

   སྤྱི་ཚོགས་ཀྱི་གྲུ་ཟུར་རེ་རེ་ནས་ཁོ་མོས་སྦྱོང་བརྩོན་གྱི་སྙིང་སྟོབས་ཞུམ་མེད་ཀྱིས་མུ་རུ་བསྲིངས་བའི་སྟབས་ཀྱིས་སྤྱི་ལོ2013ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་དུ་རྒྱུགས་འཕྲོད་པས་སླར་ཡང་སློབ་སྦྱོང་གི་གོ་སྐབས་བཟང་པོ་དེ་ཐོབ་པས་ཁོ་མོས་སྦྱང་བརྩོན་གྱི་འབད་འབུངས་ལ་ལྷོད་མེད་བརྩོན་པས་བསྐུལ་ཏེ་སློབ་གླིང་དེ་ག་ནས་བོད་ཀྱི་གླུ་གཞས་སྒྱུ་རྩལ་པ་གྲགས་ཅན་རྡོ་རྗེ་ཚེ་རིང་སོགས་སློབ་དཔོན་དུ་བསྟེན་ཏེ་གླུ་གཞས་སྒྱུ་རྩལ་གྱི་ཤེས་བྱ་གང་མང་བུམ་པ་གང་བྱོའི་ཚུལ་དུ་ཐོབ་པས་ཁོ་མོའི་ལྷན་སྐྱེས་ཀྱི་མགྲིན་ངག་ལ་སྔར་མེད་ཀྱི་ཤེས་བྱ་གང་མང་ཀུན་ནས་ཚང་བས་མིང་གི་སྙན་པའང་དུས་རབས་གསར་བའི་འཕྲིན་ལམ་གང་མང་གི་མྱུར་འགྲོས་དང་བསྟུན་ཏེ་རྒྱལ་ཕྱི་ནང་གི་ཡུལ་གྲུ་ཀུན་ཏུ་གྲགས་པར་མ་ཟད་བོད་མི་ལྟད་མོ་བ་ཁྲི་མ་འབུམ་དང་གླུ་གཞས་སྒྱུ་རྩལ་གྱི་ཆེད་མཁས་གང་མང་གིས་ཁོ་མོའི་མིང་ལ་གངས་དཀར་སྲས་མོ་ཞེས་སྙན་པའི་མིང་གིས་འབོད།

   སྤྱི་ལོ2004ལོའི་ཟླ2པར་མོ་རང་ལ་སི་ཁྲོན་ཞིང་ཆེན་གྱི་སྐབས་དང་པོའི་གླུ་དབྱངས་འགྲན་བསྡུར་ཆེན་མོ་རུ་ཕུལ་བྱུང་གི་གླུ་མ་ཞེས་པའི་མཚན་སྙན་ཐོབ་པ་དང་། ལོ་དེའི་ཟླ་བ4པར་སི་ཁྲོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སྐབས་དགུ་པའི་སྒྱུ་རྩལ་དུས་ཆེན་གྱི་གླུ་དབྱངས་འགྲན་བསྡུར་ཆེན་མོ་རུ་མི་རིགས་ཀྱི་ཆེད་ལས་རུ་ཁག་གི་ཕུལ་བྱུང་བྱ་དགའ་ཐོབ་ལ།  ཟླ12པརCCTVཀྲུང་གོའི་རྒྱང་སྒྲོག་གློག་བརྙན་འཕྲིན་ཁང་གི་སྒྱུ་རྩལ་མི་སྣ་འདེམས་སྒྲུག་འགྲན་བསྡུར་གྱི་སི་ཁྲོན་འགྲན་ཁུལ་གྱི་སློབ་ཆེན་གླུ་དབྱངས་ཆེད་ལས་ཀྱི་མི་རིགས་གྱི་གླུ་གཞས་ལེན་སྟངས་ཀྱི་ཨང་གཉིས་པའི་བྱ་དགའ་ཐོབ། སྤྱི་ལོ2005ལོའི་ཟླ2པརCCTVསྐབས་བརྒྱད་པའི་ཀྲུང་གོའི་རྒྱང་སྒྲོག་གློག་བརྙན་འཕྲིན་གྱི་སྒྱུ་རྩལ་མི་སྣ་འདེམས་སྒྲུག་ཆེན་མོ་རུ་སློབ་གྲྭ་ཆེན་མོའི་གླུ་དབྱངས་ཆེད་ལས་ཀྱི་ལེན་སྟངས་ཀྱི་ཨང་དང་པོའི་བྱ་དགའ་ཐོབ།  སྤྱི་ལོ2005ལོར་ཧྲང་ཧེ་གྲོང་ཁྱེར་གྱི་ཕུལ་བྱུང་བཅུ་ཡི་སློབ་ཐོན་སློབ་མ་ཞེས་པའི་མིང་རྟགས་དང་བྱ་དགའ་ཐོབ།  སྤྱི་ལོ2006ལོར་མཚོ་སྔོན་བརྙན་འཕྲིན་ཁང་གི་བོད་ཀྱི་ལོ་སར་རིག་རྩལ་དགོང་ཚོགས་སུ་ཞུགས་ཤིང་གླུ་སྙན་མོ་ངག་ནས་གྱེར་བས་བོད་མདོ་དབུས་ཁམས་གསུམ་ན་གངས་སྲས་མོ་གླུ་མ་ཚེ་རིང་གཡང་འཛོམས་ཞེས་པའི་མཚན་སྙན་སྔར་ལས་རྒྱས།  སྤྱི་ལོ2007ལོའི་ཟླ2པར་བོད་ཀྱི་དབྱངས་རྩོམ་པ་པོ་གྲགས་ཅན་སྨོན་ལམ་རྡོ་རྗེ་ལགས་ནས་དབྱངས་བརྩམས་གནང་མཛད་པའི་ཡུན་དུ་གནས་པའི་དམངས་གླུ་ཞེས་པ་སྙན་མོ་ངག་གི་དབྱངས་རྟར་དྲངས་ཏེ་བོད་ལྗོངས་བརྙན་འཕྲིན་ཁང་གི་མཛེས་པའི་བོད་ལྗོངས་ཞེས་པའི་བོད་ཀྱི་ལོ་སར་དགོང་ཚོགས་སུ་ཞུགས་པས་དུས་རབས་གསར་བའི་ཁྲོད་ཀྱི་འཐུས་ཚབ་རང་བཞིན་ཅན་གྱི་གླུ་མ་ཞིག་ལ་ཀུན་གྱི་ཁས་ལེན་དང་ཡིད་ཆེས་ཐོབ།

གངས་དཀར་སྲས་མོ།

   སྤྱི་ལོ2006ལོ་དང་སྤྱི་ལོ2012ལོ་གཉིས་ལ་སྐབས་གསུམ་པ་དང་བཞི་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་གནས་སྒྱུ་རྩལ་འཁྲབ་སྟོན་དུ་ཕུལ་བྱུང་གི་མི་སྣ་གསར་པའི་བྱ་དགའ་ཐོབ། སྤྱི་ལོ2012ལོར་བོད་ལྗོངས་ཀྱི་ཐོག་དང་པོ་གླུ་དབྱངས་བརྙན་འཕྲིན་འགྲན་བསྡུར་ཆེན་མོ་ལས་མི་རིགས་ཀྱི་དབྱངས་རྟའི་ལེན་ལུགས་ལ་གསེར་གྱི་རྟགས་མའི་བྱ་དགའ་ཐོབ། སྤྱི་ལོ2013ལོར་སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ན་གཞོན་གླུ་པའི་བརྙན་འཕྲིན་བྱ་དགའི་འགྲན་བསྡུར་ཆེན་མོ་ལས་མི་རིགས་སྡེ་ཁག་གི་ཨང་བཞི་པའི་བྱ་དགའ་ཐོབ། སྤྱི་ལོ2013ལོརCCTVགཟི་བརྗིད་ལྡན་པའི་འོད་སྟོང་འབར་ཞེས་པའི་ལེ་ཚན་དུ་བྱ་དགའ་ཐོབ་པའི་གླུ་པ་བཅུ་ཡི་གྲས་སུ་ཚུད།  སྤྱི་ལོ2013ལོར་སྐབས་བཅུ་པའི་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་དུ་རིག་གནས་འཁྲབ་སྟོན་པའི་བྱ་དགའ་ཐོབ།  སྤྱི་ལོ2014ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་སོགས་སུ༼འཆམ་མཐུན་གྱི་བོད་ལྗོངས༽ དང༼ང་འཚར་ལོངས་བྱུང་སའི་ཕ་ཡུལ་གངས་རི༽ ༼འཕྱོངས་རྒྱས་ཟླ་བ་སྒྲོལ་མ༽ སོགས་རང་ཉིད་ཀྱི་འཐུས་ཚབ་རང་བཞིན་གྱི་བརྩམས་ཆོས་གང་མང་ཉན་མཁན་ཁྲི་སྟོང་མང་པོའི་སྙན་དབང་གསོ་བའི་དཔལ་དུ་ཕུལ་དང་འབུལ་བཞིན་པ་ལགས་སོ། །

  ཉེ་བའི་ཆར་ཡང་བོད་ཡུལ་ས་ཆ་སྟོད་སྨད་བར་གསུམ་དང་ནང་ལོགས་ས་ཁུལ་གྱི་གྲོང་ཁྱེར་གང་མང་དུ་གླུ་གཞས་འཁྲབ་སྟོན་གྱི་གར་སྟེགས་དུ་མར་བུད་ནས་ཉན་མཁན་ཁྲི་མ་འབུམ་གྱི་གསེར་སྙན་གསོས་པའི་དགའ་སྟོན་དུ་གསར་རྩོམ་གྱི་གླུ་གཞས་གང་མང་ངག་ཏུ་གྱེར་ཞིང་མུ་ནས་གླུ་གཞས་སྒྱུ་རྩལ་གྱི་ཤེས་བྱ་གང་མང་ལ་སྦྱོང་བརྩོན་གྱི་གོམ་སྟབས་ལྷོད་མེད་ཀྱིས་སྒྱུ་རྩལ་དྭངས་གསལ་མཚོ་མོའི་ཟབ་ས་ནས་འཁྱུག་རྩལ་ལ་སྐྱེན་པའི་གསེར་མིག་གི་ཉ་མོ་བཞིན་བརྩོན་སེམས་དང་སྡུག་རུས་ཀྱི་གོམ་སྟབས་ལ་ལྷོད་པ་མེད་པར་མདུན་ནས་མདུན་དུ་སྐྱོད་བཞིན་པ་ལགས་སོ།།


  • ལེ་ཚན་སྔོན་མ།:བློ་བཟང་ལྷུན་གྲུབ་རྡོ་རྗེ་མཆོག་གི་མཛད་རྣམ་རགས་བསྡུས།
  • ལེ་ཚན་རྗེས་མ།:བོད་ཀྱི་རིག་གནས་ལ་བྱས་རྗེས་བླ་ན་མཐོ་བའི་རྒྱལ་ཚང་སྙིང་པོ་རྒྱལ་མཆོག་གི་མཛད་རྣམ་རགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།