བྱེ་མ་དང་མུ་ཏིག

ཕུར་བུ་བཀྲ་ཤིས་དང་ལྷུན་གྲུབ་ཀྱིས་རྩོམ་སྒྱུར་བྱས།        2017-03-29

ཉ་ཕྱིབས་གསོ་ཚགས་བྱེད་མཁན་གྱི་མི་ཞིག་ཡོད་པ་དང་། ཁོའི་བསམ་པར་མུ་ཏིག་འོད་འཚེར་ལ་ཤིན་ཏུ་ཆེ་བ་ཞིག་བཟོ་ཐུབ་ན་ཅི་མ་རུང་སྙམ་བཞིན་མཚོ་མཐའི་གྲམ་ཐང་དུ་ཕྱིན་ནས་ངང་རྒྱུད་རིང་པོའི་ངང་བྱེ་མ་རེ་རེ་བཞིན། ཁྱེད་རང་མུ་ཏིག་ཅིག་ཏུ་གྱུར་འདོད་དམ། ཞེས་སྐད་ཆ་དྲིས་པར་བྱེ་མ་མང་པོས་མགོ་བོ་འཕྲེད་དུ་གཡུག་གིན་ཁས་ལེན་གང་ཡང་མ་བྱས་པར། མཐར་ཆུ་རྡོ་རིལ་མོ་ཞིག་གི་གམ་དུ་ཡོད་པའི་བྱེ་མ་ཆུང་ཆུང་ཞིག་གིས་མགོ་བོ་ལྕོག་ལྕོག་བྱེད་བཞིན་མི་དེའི་སྐད་ཆ་དང་ལེན་བྱས། དེ་འཕྲལ་བྱེ་མ་གཞན་ཚང་མས་ཁྲེལ་དགོད་དང་བཅས། ཁྱོད་སྨྱོ་ཡི་འདུག་གམ། རང་གི་དགའ་ཉེ་བློ་དཀར་ཚང་མ་དང་ཁ་བྲལ་ནས་འགྲོ་དགོས་པར་མ་ཟད། ཚ་ཟེར་གྱི་ཉི་མ་དང་དཀར་གསལ་གྱི་ཟླ་འོད། སྣང་བ་སྐྱིད་པའི་དགོད་སྒྲ་སོགས་གང་ཡང་མ་མཆིས་ཤིང་། མུན་པ་དང་བརླན་བཤེར། ཁེར་རྐྱང་གི་སྐྱོ་གདུང་བཅས་ཁོ་ན་ཡིན་པས་ཁྱོད་ད་དུང་མི་སྐྲག་གམ། ཞེས་བཤད་ཀྱང་ཁོས་ཅི་ཡང་མི་སྙམ་པར་ཡིད་ཆེས་ཀྱི་བློ་སྤོབས་དང་བཅས་ཉ་ཕྱིབས་འཚོ་མཁན་འདིའི་རྗེས་སུ་བསྙེགས་ནས་ཕྱིན།  འདི་ནས་བགྲང་བྱ་འགའ་ཞིག་སོང་རྗེས་མཚོ་འགྲམ་དུ་འདུག་པའི་བྱེ་མ་འདི་དག་རེ་འགའ་མཚོ་རླབས་ཀྱིས་འཁྱེར་ཞིང་། རེ་འགའ་རླུང་འགྱུར་བྱས་ཏེ་ཐལ་བར་གྱུར་ཡོད་རུང་།ཉ་ཕྱིབས་འཚོ་མཁན་དང་མཉམ་དུ་འགྲོ་མཁན་གྱི་བྱེ་མ་ཆུང་ཆུང་འདི་ནི་འོད་འཚེར་བའི་མུ་ཏིག་ཆེན་པོ་ཞིག་ཆགས་ཡོད་པ་དང་།འབྱོར་ལྡན་པ་ཞིག་གི་སྙིང་གི་ནོར་བུར་གྱུར་ཡོད་དོ།  

 

  • ལེ་ཚན་སྔོན་མ།:ཁྲོན་པ་སྐམ་པོའི་ནང་དུ་བྱིངས་པའི་བོང་བུ།
  • ལེ་ཚན་རྗེས་མ།:རྡོ་ཞིག་ཡིན་རུང་ནོར་བུར་གྱུར་སྲིད།