དཔལ་ཡུལ་ས་ངན་གྱི་ས་བྲིས་ལོ་རྒྱུས་རགས་བརྗོད།

        2017-03-13

དཔལ་ཡུལ་ས་ངན་གྱི་ས་བྲིས་ལོ་རྒྱུས་རགས་བརྗོད།

སྤྱིར་ས་ངན་ཞེས་པ་ནི་ཡོངས་གྲགས་སུ་རེ་ཁེ་ཆུ་ཉི་སྲིབ་གཉིས་ཀྱི་ཡུལ་ཚོ་སོ་སོར་གོ་དགོས་ཏེ། ད་སྐབས་རྫོང་བཞི་རུ་གཏོགས་ཤིང་། གོ་འཇོ་རྫོང་ཁོངས་ཀྱི་ཁེ་རུ་ཡུལ་ཚོ། གློག་སྨད་ཡུལ་ཚོ། གསེར་ཐང་ཡུལ་ཚོ། སྨིན་མདོ་ཡུལ་ཚོ། བྱང་སང་ཡུལ་ཚོ། འབུམ་སྐྱེས་ཡུལ་ཚོ། དེ་ཚོ་ནི་ས་ངན་ཡུལ་རྐྱང་པ་ཡིན་པ་དང་། ས་ངན་ལུང་པ་དང་གོ་འཇོའི་ལུང་པ་གཉིས་འདྲེས་མ་ཡིན་པའི་ཡུལ་ཚོ་ནི་ལྷ་ཐོག་ཡུལ་ཚོ་དང་། ཨ་དབང་ཡུལ་ཚོ། གཙེས་པ་ཡུལ་ཚོ་སོགས་ཡིན། སྨར་ཁམས་རྫོང་ལ་གཏོགས་པའི་སྒོ་ཕོ་ཡུལ་ཚོ། འབའ་ཐང་རྫོང་ལ་གཏོགས་པའི་རྒྱ་ཡན་ཡུལ་ཚོ། དཔལ་ཡུལ་རྫོང་ལ་གཏོགས་པའི་ས་ངན་ཡུལ་ཚོ་ཡང་ན་གསེར་པ་ཡུལ་ཚོ་བཅས་སུ་གནས་ཡོད་ཅིང་། ས་ངན་ས་བྲིས་ཞེས་པ་ནི་ས་ངན་ནས་དར་ཁྱབ་བྱུང་བས་ན་དེ་ལྟར་འབོད།

དཔལ་ཡུལ་ས་ངན་གྱི་ས་བྲིས་ལོ་རྒྱུས་རགས་བརྗོད།

དེ་ནས་འབྲི་རྫ་ཟེགས་མ་གོང་གི་གཡས་ཟུར། གསེར་ལྡན་འབྲི་ཆུ་སྔོན་མོའི་གཡོན་ཟུར། ས་བྲིས་ཀྱི་རྒྱུད་པ་ཅུང་ཙམ་བཤད་ན་ལོ་ཆེན་དབྷརྨ་ཤྲི་ཡིས་བྲིས་ཐུར་ཆག་པ་གང་མཆོད་ནས་འབྲི་ཆུ་ཤར་ནུབ་གཉིས་ལ་ཁྱབ། དེའི་སྨོན་ལམ་ལ་བརྟེན་ནས་རྗེ་འབངས་ཉེར་ལྔའི་ནང་ནས་ལྡན་མ་རྩེ་མང་གི་ཡང་སྤྲུལ་བྲིས་པ་ཆོས་འགྲུབ་ཟེར་བ་དུས་རབས་བཅུ་དགུའི་སྔོན་ཙམ་ནས་ས་ངན་བླ་ཆུ་སྟེང་ཕབ་ཚང་དུ་སྐུ་འཁྲུངས་ཤིང་ས་བྲིས་ཡིག་གཟུགས་ཀྱི་འབྲི་རྒྱུན་གསར་གཏོད་མཛད། བཤད་རྒྱུན་ལ་ཕབ་ཚང་གི་བུ་བྲིས་པ་ཆོས་འགྲུབ་ནར་སོན་རྗེས་ཕ་མས་ཁོ་བུད་ཤིང་འཐུ་རུ་མངགས་མོད། ཁོ་མཚན་མོ་མ་གཏོགས་ཕྱིར་ཁྱིམ་ལ་མ་སླེབས་པར་མ་ཟད། བུད་ཤིང་ཀྱང་མང་པོ་ལོན་མེད་པས་ཁྱིམ་མིས་ཕྱི་ཉིན་ཁོ་ཟོག་རྫིར་མངགས།ཡིན་ཡང་ཁོས་ཉིན་གོང་པོར་ཟོག་དེད་པ་ཙམ་མ་གཏོགས་ཟོག་ལ་ཡང་རྩྭ་ཆུ་གང་ཡང་མ་སྟེར་ནས་ཕྱིར་ཁྱིམ་ལ་སླེབས། ཁྱིམ་མི་ཐབས་ཟད་དེ་ཁོ་ལ་སློབ་སྦྱོང་བྱེད་དུ་བཅུག ཉིན་ཞིག་ཁོ་སྤང་ཐང་ཞིག་ཏུ་གཉིད་ལ་ཡུར་ནས་རྨི་ལམ་ཡ་མཚན་ཞིག་རྨིས། རྨི་ལམ་དུ་ཁོས་སྣག་ཚ་ཁྱོར་གང་འཐུང་བ་རྨིས་ཤིང་། དེའི་རྗེས་ཕབ་ཚང་གི་བུ་བྲིས་པ་ཆོས་འགྲུབ་ཀྱི་བཟོ་རྩལ་གྱི་རྟོགས་པ་མངོན་པར་སད་དེ་རྡོ་དང་གྱང་། རྡོ་ལེབ་སོགས་ཀྱི་ངོས་སུ་གཟུགས་རིས་སྣ་ཚོགས་བྲིས་ནས་མཁྱེན་པའི་ཤེས་རབ་ཀྱི་རྩལ་ལ་གཞན་གྱིས་འགྲན་ཐབས་བྲལ་བར་གྱུར། བཟོ་རྩལ་ལ་བྱང་ཆུབ་པར་མ་ཟད། ཁྱད་པར་དུ་འཕགས་པའི་བོད་ཡིག་ཡིག་གཟུགས་ཀྱི་བྲིས་རྒྱུན་ཏེ་ས་ངན་ས་བྲིས་གསར་གཏོད་མཛད། ཁོས་སྔ་དྲོའི་དུས་སྔ་ཆོག་འདོན་ཡིག་དང་ཕྱི་དྲོའི་དུས་ཕྱི་ཆོག་འདོན་ཡིག་འོད་ཆེན་ཉིན་པ་བཞི་བསྟོད་བཅས་འདོན་ཡིག་སོགས་མང་པོ་བྲིས་ཡོད་ཅིང་། བྲིས་ལ་བྲིས་ཚུགས་ལི་ཁམ་ཛར་གསུམ་ཡོད་དེལི་ནི་ནས་འབྲུ་དང་ཛར་ནི་ཀཿ ཡིག་གི་མཐའ་མའི་གསེག་བྲིས་ལྟ་བུ་དང་། ཁམ་ནི་སྨྱུག་ཁམ་གང་གིས་དྲང་མོར་བྲིས་པའི་ནག་ཆ་ལ་གོ་དགོས་གསུང་སྲོལ་འདུགཤ་ཚུགས། རུས་ཚུགས། སྤུ་ཚུགས་བཅས་ཤ་གངས་ལརི་བོ་ཞིག་གི་མིང་ཡིནམན་ཆད་ན་བྲིས་ཚུགས་དང་དེའི་ལོ་རྒྱུས་མང་ཙམ་འདུག  ཡིན་ཡང་བྲིས་ཚུགས་ཕྱི་ཤ་ཚུགས་དང་ནང་སྤུ་ཚུགས། ཕྱི་ནང་གཉིས་རུས་ཚུགས་ཟེར་བ་དེ་མེད། ས་བྲིས་ཀྱི་ཁྱད་ཆོས་གཙོ་བོ་ནི། ཡིག་གཟུགས་ཀྱི་ཆེ་ཆུང་ཆ་སྙོམས་པོ་ཡིན་པར་མ་ཟད། འབྲུ་ཚ་ཝ་འབྲུ་བཅས་བྲིས་གཞན་དང་མི་འདྲ་བར་དཔེར་ན་ཞ་འདྲ་བ་གཅིག་ལ་འབྲི་ལུགས་གསུམ་དང་། ཁ་ཞ་ཟེར་བ་དང་ན་ཞ་ཟེར་བ། ཁ་ན་གཉིས་འདྲ་བ་འབྲི་ལུགས་དང་ཡི་གེའི་མཚན་སྣག་རྩ་བཅས་ལ་ཡན་ལག་ལྔ་སྦྱོར་ཟེར་བ་ཡོད་འདུགདེང་སང་ཡང་ས་ངན་སར་ཁོས་བྲིས་པའི་ས་བྲིས་ཀྱི་གཟུགས་རིས་མང་པོ་རྡོ་ལེབ་དང་ཇོ་འབུལ་ཐོག་ལ་མཐོང་རྒྱུ་ཡོད། ཡིན་ཡང་ཁོའི་ཚེ་སྨད་དུ་ཆང་མཆོད་པར་དགའ་དྲགས་པས་ས་ངན་མཚོ་སྐམ་གོང་གི་ཇོ་འབུལ་གྱི་འགྲམ་ནས་དགོངས་པ་རྫོགས་སོ།།

དཔལ་ཡུལ་ས་ངན་གྱི་ས་བྲིས་ལོ་རྒྱུས་རགས་བརྗོད།

དེ་ནས་དུས་རབས་བཅུ་དགུའི་མཇུག་ཏུ་བྱོན་པའི་བྱང་ཆུབ་ཆོས་ཀྱི་སེང་གེ་ནི་ས་ངན་ཉིན་དགོན་ཐུབ་བསྟན་བྱང་ཆུབ་གླིང་གི་སྤྲུལ་སྐུ་ཡིན། སྤྲུལ་སྐུ་རིན་པོ་ཆེ་བྱང་ཆུབ་ཆོས་སེང་ནི་སྤྱིར་ཐུབ་བསྟན་ཡོངས་རྫོགས་ཀྱི་རྒྱལ་བསྟན་བོད་འདིར་རྩེབས་སོ་ཅོག་ལ་འདི་སྙམ་དུ་ཁ་ཚོན་གཅོད་པར་མི་ནུས་ཀྱང་། མཛད་རྣམ་མདོར་བསྡུས་ནི་སྐུ་ན་ཕྲ་བའི་གོང་ནས་འབྲི་ཀློག་སོགས་དཀའ་ཚེགས་མེད་པར་མཁྱེན་ཞིང་། རིག་པའི་གནས་ཆེན་གང་ལ་ཡང་སྤོབས་པ་མ་ཞུམ་པར། ཆོ་ག་དབྱངས་རོལ་གར་འཆམ་ལ་སོགས་པའང་ཐུགས་སུ་ཆུད། བྱང་ཆུབ་ཆོས་སེང་མཆོག་གི་སྐུ་རིང་དུ་ས་བྲིས་འདི་དར་ཞིང་རྒྱས་པར་གྱུར།

དེ་ནས་ས་བྲིས་ཀྱི་རྒྱུད་པ་ད་དུང་ཅུང་ཙམ་བཤད་ན་དུས་རབས་ཉི་ཤུ་ནང་ལ་བྱང་ཆུབ་ཆོས་སེང་གི་སློབ་མ་ར་ས་ཤེས་རབ་ཟེར་བ་སྐུ་འཁྲུངས། ཁོང་གི་ཁྱད་དུ་འཕགས་པའི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་ས་བྲིས་མཚན་སྙན་གྱི་གྲགས་པ་དཀར་པོ་གངས་རི་ར་བའི་མུ་ཁྱུད་ལས་ཡོངས་སུ་བརྒལ་བར་བྱས། བོད་རང་ལ་ཡིག་གཟུགས་རྣམ་གཞག་རང་རྐྱ་ཐུབ་པར་གྱུར་ལ། ཡུལ་མི་ཀུན་གྱིས་བྲིས་པ་ར་ས་ཤེས་རབ་ལ་མངོན་པར་བསྟོད། བྲིས་པ་ར་ས་ཤེས་རབ་ཀྱི་ཁྱིམ་རྒྱུད་དེང་སང་དཔལ་ཡུལ་རྫོང་ཐོག་ནས་གཞིས་ཆགས་ཡོད་ཅིང་ཁོང་གི་བྲིས་པའི་ས་བྲིས་ཀྱང་མང་པོ་མཐོང་རྒྱུ་ཡོད། དེ་ནས་མཁན་པོ་དཔེ་མ་ཚེ་རིང་མཆོག་དང་བྲིས་པ་སྤུ་ཁྲུལ་བྱོན་ནས་ས་བྲིས་ཀྱི་ཡིག་གཟུགས་ལ་ལེགས་བཅོས་བྱས་ནས་ས་བྲིས་གསར་མའི་སྲོལ་ལེགས་པར་ཕྱེས་ཤིང་། ཁོང་གཉིས་ཀྱི་བྲིས་སྐུ་གོང་མ་ལྟར་བྱང་ཆུབ་པར་གྱུར། དེ་ནས་བྲིས་རྒྱུན་དེ་དཔལ་ཡུལ་ས་ངན་ནས་ཁྱབ་རྗེས་རིམ་བཞིན་དཔལ་ཡུལ་ས་དམར་དང་སྒ་རྗེ་རེ་ཁེའི་ཕྱོགས་ཀྱི་བྱང་གསུམ་རྨོ་རྩ། རྒྱས་ཁྲི་བཅས་ལ་བརྒྱུད། དེ་ནས་ས་བྲིས་འདི་དུས་རབས་ཉི་ཤུའི་མཇུག་ལ་ས་ངན་རྒྱས་ཁྲི་ཕྱོགས་ནས་ཕྱིར་དར་ཞིང་རྒྱས་པར་གྱུར། ས་བྲིས་ཕྱི་དར་སྐབས་རྒྱས་ཁྲི་ཡུལ་དུ་བྲིས་པ་སྐྱབས་མགོན། སྐྱབས་མགོན་སློབ་མ་ར་ས་ཨ་རྣམ་སོགས་རིམ་བཞིན་བྱོན། ད་དུང་ལྷ་པ་ཆོས་འགྲུབ་དང་ལྷ་པ་བློ་གྲོས་ཟེར་བ་སོགས་བྲིས་པ་བཅུ་གསུམ་བྱོན་ནས་རྒྱས་ཁྲི་ཕྱོགས་སུ་ས་བྲིས་འདི་དར་ཞིང་རྒྱས་པར་གྱུར་ཕྱིར་ས་བྲིས་ལ་རྒྱས་བྲིས་ཡང་འབོད་སྲོལ་དར། ས་བྲིས་ཕྱི་དར་སྐབས་ཀཿཧཱུྃཿཐོག་སིདྡྷི་རིན་པོ་ཆེའི་མདུན་དུ་སོང་དུས་ས་ངན་སྐྱབས་མགོན་ཟེར་བའི་བྲིས་པ་དེ་ལ་ཐུགས་དགྱེས་མཛད་དེ་ས་བྲིས་དབུ་ཐོག་བཞག་ནས་ཐལ་མོ་སྦྱར། བྲིས་ཤོག་ཡང་དེ་བཞིན་སྐད་གྲགས་ཆེ་བས་སྡེ་དགེ་རྒྱལ་པོས་པར་ཁང་གི་སྤར་ཤོག་ས་ངན་དང་། སྒ་རྗེའི་ཕྱོགས་ནས་ལོན་དགོས་པ་དེར་ལོ་ཆེན་དབྷརྨཱའི་བྱིན་རླབས་འདུག་ཅེས་གསུངས། དེང་སང་མགོ་ལོག་སྡེར་ནང་ས་བྲིས་ཞེས་པ་དེའི་ཡོང་ཁུངས་ཀྱང་ས་ངན་ས་བྲིས་ཡིན་པ་ཐེ་ཚོམ་མི་དགོས་སོ།།

༼ ས་ངན་སྤྲུལ་སྐུ་འགྱུར་མེད་ཚེ་རིང་དང་ཇོ་མོ་སྤྲུལ་སྐུ། ས་ངན་རྡོ་རྗེ་མཁའ་འགྲོ་གསུམ་ལ་བཅར་འདྲི་ཞུས་ཤིང་ཡི་གེར་ཕབ། དཔལ་ཡུལ་དམངས་ཁྲོད་རིག་གནས་འཚོལ་བསྡུ་མཐུན་ཚོགས་ནས། ༽

དཔལ་ཡུལ་ས་ངན་གྱི་ས་བྲིས་ལོ་རྒྱུས་རགས་བརྗོད།

  • ལེ་ཚན་སྔོན་མ།:འདི་ན་ཡང་ཡིག་གཟུགས་ཀྱི་ལྟད་མོ་ཞིག་སྣང་།
  • ལེ་ཚན་རྗེས་མ།:གཞི་གྲངས་མེད།