ཁ་གཡང་བཀྲ་ཤིས་བརྒྱད་ལྡན།

ཆོས་བཞིན།        2017-02-27

ཁ་གཡང་བཀྲ་ཤིས་བརྒྱད་ལྡན།


མཚན་དཔེ་ཉི་མ་འཆར་ཁའི་མཛེས་སྡུག་ཀུན་རྫོགས་ཤིང་།།

སྲིད་གསུམ་རྨོངས་པ་མཐའ་དག་ཅིག་ཅར་དུ་གཞོམ་པའི།།

དམར་སེར་རལ་གྲི་འཆང་བ་འཇམ་དཔལ་གྱི་དཔའ་བོས།།

བཀྲ་ཤིས་གཏེར་སྒོ་འབྱེད་པའི་སྤོབས་པ་ཞིག་སྩོལ་ཤོག།

 

ཤེས་བྱ་ཟད་མི་ཤེས་པ་རྒྱུ་སྐར་གྱི་ལམ་དུ།།

སྐད་ཡིག་ཉི་ཟླའི་གཟི་འོད་བར་མེད་དུ་འཕྲོས་ནས།།

ངེས་དོན་སློབ་གསོའི་ཁོར་ཡུག་ཉིན་མོ་ལྟར་བྱེད་པའི།།

བདེ་ལེགས་རིག་གནས་བཟང་པོ་འཛམ་གླིང་དུ་ཁྱབ་ཤོག།

 

བསོད་ནམས་ཆུ་འཛིན་འཁྲིགས་པའི་བང་རིམ་གྱི་གསེབ་ནས།།

ལོངས་སྤྱོད་སྦྲང་ཆར་ཟིལ་མ་སིམ་སིམ་དུ་འཇོ་བའི།།

རྫོགས་ལྡན་སྐལ་བ་བཟང་པོའི་དབྱར་གཞུང་གི་དུས་སུ།།

ཕུན་ཚོགས་དཔལ་དང་འབྱོར་བ་ཆུ་གཏེར་བཞིན་རྒྱས་ཤོག།

 

རྒྱུ་དང་མི་རྒྱུའི་གཞི་རྟེན་ས་ཆེན་འདི་ཡིན་ལ།།

ཡོན་ཏན་ཀུན་གྱི་འབྱུང་གནས་ཁྲིམས་བསྲུང་གི་འདུ་ཤེས།།

ཀུ་ཡངས་སྒམ་དཀྱེལ་ཆེ་བ་སྤྱི་ཚོགས་ཀྱི་སྲོལ་བཟང་།།

ཡང་དག་ཆབ་སྲིད་དམངས་ཀྱི་དགའ་སྟོན་དུ་སྒྲོག་ཤོག།

 

འབྱུང་བཞི་ཆ་སྙོམས་འགྲོ་བའི་ལུས་སེམས་ཀུན་བདེ་བར།།

ཕན་བདེའི་དགའ་སྟོན་འཚོ་བྱེད་རྣམ་དག་གིས་བྱས་པས།།

གཙང་སྦྲ་འཕྲོད་བསྟེན་ལུས་ཀྱི་གོ་ཆ་རུ་བགོ་བའི།།

འཚོ་བའི་ལམ་སྲོལ་བཟང་པོ་འཇིག་རྟེན་འདིར་ཁྱབ་ཤོག།

 

མཛེས་སྡུག་ཡིད་འོང་ལྷ་ཡི་ཞིང་ཁམས་དང་འདྲ་བའི།།

ས་ཆེན་གོ་ལ་སྐྱེ་འགྲོའི་མ་མ་དང་མཚུངས་པས།།

རྗེས་རབས་འགྲོ་བའི་ཕུ་ནུ་བདེ་སྐྱིད་ངང་འཚོ་བར།།

ཁོར་སྲུང་མཛད་པ་བཟང་པོའི་བསྟན་པ་དེ་དར་ཤོག།

 

ཆོ་འཕྲུལ་དགུ་ལྡན་སྤྲེལ་ལོ་ཕར་ཕར་དུ་འདས་ནས།།

ཞི་བདེའི་ལྷ་བྱ་དཀར་པོ་ཚུར་ཚུར་དུ་འཕུར་ཡོང་།།

འཕྲོད་བཟང་མེ་རླུང་ལེགས་པ་བརྒྱད་འཛོམས་ཀྱི་ཉིན་འདི།།

ཁ་དགེ་འཆམ་མཐུན་རླུང་རྟ་ཡར་འགྲོ་རུ་གྱུར་ཤོག།

 

ལྷ་བྱ་ལྷ་ཡི་ཡུལ་ནས་མི་ཡུལ་དུ་བབ་ན།།

སྣོད་བཅུད་བདེ་དགེའི་ལེགས་ཚོགས་ཡར་ཟླ་བཞིན་རྒྱས་ཤིང་།།

ཆོས་སྲིད་ཉི་ཟླ་ཉིན་མཚན་རེས་མོས་སུ་ཤར་ནས།།

ས་འདིར་དགེ་ལེགས་སྣང་བས་མ་ལུས་པར་ཁྱབ་ཤོག།

ཁ་གཡང་བཀྲ་ཤིས་བརྒྱད་ལྡན།


  • ལེ་ཚན་སྔོན་མ།:གསོལ་འདེབས་དད་པའི་སྒྲ་དབྱངས།
  • ལེ་ཚན་རྗེས་མ།:བུད་མེད་དུས་ཆེན་ལ་ཕུལ་བའི་ཤིས་ཚིག