ཁམས་དཔལ་ཡུལ་གཙང་མདོ་སྟོང་མཐོ་གྲོང་ཚོའི་གནའ་བོའི་ལོ་རྒྱུས་རགས་བསྡུས།

ཚེ་དབང་རྣམ་རྒྱལ།        2017-02-14

ཁམས་དཔལ་ཡུལ་གཙང་མདོ་སྟོང་མཐོ་གྲོང་ཚོའི་གནའ་བོའི་ལོ་རྒྱུས་རགས་བསྡུས།

                    ཡུལ་འདིའི་སྣོད་བཅུད་བྱམས་པས་སྐྱོང་བའི་མགོན།། 

    གནའ་བོའི་མེས་པོ་གོང་མ་དེ་དག་གི།།  

    བཀའ་དྲིན་རི་བོ་ལས་ཀྱང་རབ་ལྕི་བས།།  

    སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ།།  

ཞེས་པའི་ཚིག་གིས་མདུན་བསུས་ཏེ་གང་གླེང་བར་བྱ་བ་ནི། དེ་ཡང་།   བདག་ཅག་གི་སྟོན་པས་བསྟན་པ་བྱང་ཕྱོགས་ཁ་བ་ཅན་དུ་དར་བ་འགྱུར་ཞེས་ལུང་གིས་ཟིན་པའི་གནས་མཆོག་ཁྱད་པར་ཅན་གངས་རིའི་ལྗོངས་འདིར།  སྟོད་མངའ་རིས་སྐོར་གསུམ་རྫིང་བུ་ལྟ་བུ།  བར་དབུས་གཙང་རུ་བཞི་ཡུར་བ་ལྟ་བུ།  སྨད་མདོ་ཁམས་སྒང་དྲུག་ཞིང་ས་ལྟ་བུ་ཞེས་ཡོངས་སུ་གྲགས་པའི་སྒང་དྲུག་གི་ཡ་གྱལ་འབྲི་ཟླ་ཟལ་མོ་སྒང་ངམ་བུ་འབོར་སྒང་ནི་ཁམས་དཔལ་ཡུལ་གཙང་མདོའི་ཕྱོགས་འདི་ཡིན་པར་ངེས་ཏེ། དཔལ་ཡུལ་གདན་རབས་ལས།  གཙང་སྟོན་རྡོ་རྗེ་རྒྱལ་མཚན་ང་།།  བུ་འབོར་སྒང་དུ་སྐྱེ་བ་ཡིན།། ཞེས་གཙང་མདོའི་ཕྱོགས་འདི་བུ་འབོར་སྒང་དུ་ངོས་འཛིན་མཛད་ཅིང་ཞེས་གསུངས་པ་དང་། གཙང་མདོ་ཞེས་པའི་མིང་བཏགས་པ་ལ་བཤད་ཚུལ་གཉིས་ལས། ཁ་ཤས་ཀྱིས་རྩམས་ཆེན་རྡོ་རྗེ་སངས་ཡག་དང་ཚེ་འཕྲུ་དཀར་མོ་ཞེས་རི་བོ་ཡ་མཚན་ཅན་གྱི་མདུན་རོལ་ནས་དྭངས་གཙང་གི་ཆུ་བོ་ལྷུང་ལྷུང་དུ་འབབ་སའི་མདོ་ལ་ཆགས་པའི་ཡུལ་གྲུ་སྟོད་སྨད་ཡོངས་ལ་གཙང་མདོ་ཞེས་བརྗོད་པ་དང་།   ཡང་ལ་ལས་ནི་གོང་དུ་བརྗོད་པ་ལྟར་གཙང་མདོའི་སྟོད་དང་།  འབའ་རུང་གི་སྨད་གཙང་ཆེན་ཞེས་པའི་ས་ཆར་གཙང་སྟོན་རྡོ་རྗེ་རྒྱལ་མཚན་འཁྲུངས་པས་དེའི་འདབས་སམ་མདོ་ལ་ཆགས་པའི་ཡུལ་གྲུ་དེ་ལ་གཙང་མདོ་ཞེས་མིང་དུ་བཏགས་པ་བཅས་བཤད་སྲོལ་གཉིས་སུ་མཆིས་མོད་གང་བརྗོད་ཀྱང་འགལ་མེད་ཡིན་པར་སེམས། མིང་གཅིག་ལ་འགྲེལ་ཚུལ་གཉིས་སུ་ཡོད་པའི་གཙང་མདོའི་ཕྱོགས་འདིར་མཚོན་ན།   གནའ་བོའི་དུས་ནས་དགོན་པ་ཁ་ཤས་དང་།  གྲོང་ཚོ་བཅུ་ཙམ་ཡོད་པ་དེ་དག་གི་ལོ་རྒྱུས་ཕལ་མོ་ཆེ་དགོན་པ་སོ་སོའི་བླ་སྤྲུལ་མཁན་གསུམ་དང་གནའ་མིའི་ངག་རྒྱུན་ཡིག་ཆ་སོགས་ལས་རྟོགས་དགོས་པ་ལས་ཕྲན་ལྟ་བུས་མ་ཤེས་ཤེས་མདོག  རྒྱུས་མེད་རྒྱུས་གཏམ་བཤད་ན་མི་མཛའ་བས་རེ་ཞིག་བཏང་སྙོམས་སུ་བཞག  འོན་ཀྱང་།   གཙང་མདོའི་གྲོང་ཚོ་བཅུའི་ནང་ཚན་ཕྲན་སྐྱེ་སའི་སྟོང་མཐོ་གྲོང་ཚོ་འདིའི་ལོ་རྒྱུས་གནའ་མིའི་ངག་རྒྱུན་གྱི་བཤད་སྲོལ་ལྟར་གླེང་ན་གླེང་རིན་ཡོད་པ་འདྲ་མཆིས་མོད།   སྔོན་ཆད་གནའ་མི་རྒན་པོ་དེ་དག་ཚེའི་འཕེན་པ་མ་རྫོགས་པའི་སྐབས་སུ་ལོ་རྒྱུས་ཀྱི་སྐོར་ལ་མཐོང་ཆེན་མ་བྱས་པ་སོགས་ཀྱི་རྐྱེན་པས་ལོ་རྒྱུས་གོ་མྱོང་ནའང་ང་ཚོས་ཡིག་ཐོག་ཏུ་དགོད་རྒྱུ་མ་བྱུང་བ་དང་།  སེམས་སུ་ཉར་མ་ཐུབ་པ་ཆགས་འདུག  དེང་སྐབས་སུ་ནི། ལོ་རྒྱུས་ཚིག་གསུམ་མ་ཤེས་ན།།  ཕ་ཨ་ཁུ་ཡིན་ཡང་ངོ་མི་ཤེས།།  ཞེས་ལོ་རྒྱུས་མ་ཤེས་པའི་ཉེས་པ་དང་ལོ་རྒྱུས་ཤེས་པའི་དགོས་པ་སོགས་ལ་བསམ་གཞིགས་རེ་བྱས་ཏེ་ལོ་རྒྱུས་སྐོར་ཤེས་འདོད་ཅུང་ཙམ་ཡོད་ཀྱང་།  སྡོམ་པ་ཡོད་དུས་འདུལ་བ་མེད།།  འདུལ་བ་ཡོད་དུས་སྡོམ་པ་མེད།།  ཅེས་པའི་དཔེ་ལྟར་གནའ་མི་རྒན་པ་ཕལ་མོ་ཆེ་འདས་ཚར་བའི་རྐྱེན་པས་གནའ་བོའི་ལོ་རྒྱུས་མང་པོ་ཞིག་ཀྱང་མི་མངོན་པའི་དབྱིངས་སུ་ཡལ་སོང་བས་ཆ་ཚང་བ་དང་འཐུས་ཚང་བ་ཞིག་བརྗོད་དགོས་ཀྱང་བརྗོད་ཐབས་བྲལ།  འོན་ཀྱང་གྲོང་ཚོ་འདིའི་ཚབ་མཚོན་གྱི་ལོ་རྒྱུས་རགས་ཙམ་མམ་ས་བོན་ཙམ་ཞིག་གླེང་ན།  གྲོང་ཚོ་འདི་ལ་སྟོང་མཐོ་དང་སྤང་མཐོ་ཞེས་མིང་བརྗོད་ཚུལ་གཉིས་ཡོད་པ་ལས། གནའ་མིའི་ངག་རྒྱུན་ལྟར་ན་སྟོང་མཐོ་ཞེས་བཏགས་པའི་རྒྱུ་མཚན་ནི། གནའ་སྔོན་ཆད་དུད་གྲངས་སྟོང་ཕྲག་གཅིག་ཡོད་པའི་སྡེ་པ་ཞིག་ཡིན་པས་དེ་ལྟར་བརྗོད་ཅེས་དང་།  གྲུབ་དབང་པདྨ་ནོར་བུའི་སྐུ་ཕྲེང་གཉིས་པ་རིག་འཛིན་དཔལ་ཆེན་འདུས་པས་མཛད་པའི་གཙང་མདོའི་ཡུལ་ལྷའི་བསང་ཡིག་ལས།   སྤང་མཐོ་ལུ་གུ་ཞེས་དང་།  ལུ་གུའི་བསང་ཡིག་ལས། སྤང་ལྗོངས་མཐོ་བའི་ཡིད་འོང་མཛེས་ལྡན་པ།། ཞེས་སོགས་གསུངས་པར་དཔག་ན་ཡིད་འོང་སྤང་ལྗོངས་ཀྱིས་མཐའ་ནས་བསྐོར་ཞིང་ས་བབས་ཅུང་མཐོ་སར་ཆགས་པའི་གྲོང་ཚོ་ཞིག་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་གསུངས་པར་ངེས།  དེང་སང་ནི་སྟོང་མཐོ་ཞེས་པའི་མིང་དེ་བཀོལ་སྤྱོད་ཆེ་ཤེས་སུ་གྱུར།  སྟོང་མཐོ་བ་འདི་ཆགས་སའི་ས་གནས་ནི་རྒྱ་བོད་ཀྱི་ས་དཔྱད་ལས་གསུངས་པའི་ས་ཡི་ཉེས་པས་མ་གོས་ཤིང་སྲུང་བཞི་སོགས་ས་དཔལ་ཕུན་སུམ་ཚོགས་པས་བརྒྱན་ཞིང་།  རྒྱབ་རིའམ་རི་རྩེ་ལ་ཡུལ་འདིའི་སྣོད་བཅུད་ཀྱི་རྒུད་པ་བསལ་ཕྱིར་ཁ་འཛིན་དང་སྡོང་གྲོགས་ཞུ་སའི་ཡུལ་ལྷ་ལུ་གུ་རྒྱལ་ཡག་ཅེས་གྲུབ་དབང་གོང་མ་དཔལ་ཆེན་འདུས་པས།  སྤང་མཐོ་ལུ་གུ་ལྷ་ཡི་སྲས།།  ཞེས་དང་།  སྐྱབས་རྗེ་དཔལ་ལྡན་བླ་མ་སོགས་ཀྱིས་ཀྱང་དཀར་ཕྱོགས་ཀྱི་ཡུལ་ལྷ་ཡིན་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་མྱོང་བ་དང་།  ད་དུང་ཡུལ་ལྷ་རྟ་འབུམ་སོ་ཐོ་དང་སེ་ཡུ་སོགས་ཡུལ་ལྷ་མང་དུ་མཆིས།  ཁྱད་པར་དུ་ཡུལ་ལྷ་ལུ་གུ་རྒྱལ་ཡག་ཁོང་ནི་སྐབས་རེར་གོས་དཀར་པོ་དང་ཞྭ་དཀར་པོ་གནབ་མཁན་གྱི་གཟུགས་བསྟན་ནས་ཁོར་ཡུག་དང་གནས་རི་ལ་གཏོར་བརླག་བྱེད་པ་དག་ལ་རྟགས་དང་ཆོ་འཕྲུལ་མངོན་སུམ་དུ་བསྟན་པ་དཔེར་ན།  ང་རང་ཆུང་ཆུང་ཡིན་སྐབས་ཤིག་ལ་མ་རྒན་དང་མཉམ་དུ་ལ་ཁར་འགྲོ་བའི་ཚེ་ནའང་ནམ་མཁའ་ནས་རྡོའི་ཆར་ཕབ་པ་སོགས་དངོས་སུ་མཐོང་མྱོང་ཡོད།  དེ་བཞིན་དུ་ཡ་རབ་སྲོལ་བཟང་ལ་གནས་པའི་ཡུལ་མི་ཚོ་ལ་ཁ་འཛིན་དང་སྡོང་གྲོགས་མཛོད་པའི་མཐོང་སྣང་ཡང་མང་།  གནའ་བོའི་ངག་རྒྱུན་དུ་སྟོང་མཐོའི་ཡུལ་མི་ཚོ་ཡུལ་ལྷ་ལུ་གུ་རྒྱལ་ཡག་གི་རྒྱུད་པ་ཡིན་པའི་བཤད་སྲོལ་ཞིག་མཆིས་ཏེ།  གང་ཞེ་ན།  སྟོང་མཐོ་རི་རྒན་ཚང་གི་རི་ཚ་རྐང་རིང་ཞེས་མི་གཞན་དང་མ་འདྲ་བ་རྐང་པ་རིང་པོ་ཅན་ཞིག་ཡོད་འདུག  དེ་ནགས་ནང་དུ་སོང་ནས་ཐང་ཤིང་ཤུན་པ་མ་བཤུ་བ་འཛེར་མ་ཡོད་པ་ཐང་ཤིང་གསོན་པོ་ཁོ་རང་གཅིག་པུས་ཕྲག་ཐོག་ནས་ཁྱིམ་དུ་ཁུར་ཡོང་བས་ལྟད་མོ་བལྟ་རྒྱུ་ཡོད་རབས་ཐོས།  མི་དེ་ནི་ཡུལ་ལྷ་ལུ་གུ་རྒྱལ་ཡག་གི་བུ་རེད་ཅེས་བཤད་སྲོལ་ཡོད་པ་ཙམ་དུ་མ་ཟད་ཁོ་རང་མ་རྒན་གྱི་ཁོག་པ་ནང་དུ་ཡོད་སྐབས་སུ་མ་རྒན་ལ་ཁོང་གི་བུ་ཡིན་པའི་རྟགས་མཚན་ཡང་ཡོད་སྐད།   མི་དེ་འཆི་བའི་སྐབས་སུ་ཡུལ་ལྷ་ལུ་གུ་ངུ་བའི་མིག་ཆུ་རེད་ཅེས་ཡུལ་ལྷའི་མདུན་རོལ་འཕྲང་ལུང་ཟེར་ས་ནས་སྔོན་ཆད་མེད་པ་ཕྱིས་སུ་ཆུ་ལག་ཁ་ཤས་ཡོད་རབས་བཤད།  ཆུ་དེ་ཚོ་ད་ལྟའང་མ་སྐམ་པར་ཡོད། ད་དུང་ཁོ་འཆི་ཚར་རྗེས་ཕུང་པོ་ཆར་གཤོང་ཁུག་ཟེར་ས་ནས་རི་ཁར་ཁྱེར་འགྲོ་བའི་ཚེ་ན་བར་སྣང་ཁམས་ནས་གང་ན་ཁུར་འགྲོ་ཡིན་ཁུར་མ་འགྲོ་ཟེར་བའི་སྒྲ་བྱུང་བས་མ་ཚད་སེར་བ་ཕབ་ནས་རི་ཁ་ནས་ཕར་ཁྱིམ་དུ་ཕུང་པོ་ཁུར་དགོས་པའི་ལོ་རྒྱུས་འདུག  ཕྱིས་སུའང་དེའི་རྐང་རུས་རི་རྒན་ཚང་གི་ཆང་བསྙལ་བའི་སྣོད་ཆ་ཟེར་བ་དེའི་ནང་དུ་ཡོད་པ་དེ་ཁང་པའི་རྒྱབ་ལོག་ཏུ་ཁུར་ཚེ་ལུ་གུ་ངུ་བ་རེད་ཅེས་སེར་བ་དང་ཆར་བབས་པའི་ལོ་རྒྱུས་བཤད་སྲོལ་ཡོད།  རི་ཚ་རྐང་རིང་ལྷ་སྲས་ལུ་གུ་རྒྱལ་ཡག་གི་སྲས་ཡིན་ན་སྟོང་མཐོའི་ཡུལ་མི་ཚོ་ལུ་གུའི་རྒྱུད་པ་ཡིན་པའི་རྒྱུ་མཚན་ཡོད་དེ།  སྟོང་མཐོ་བར་མཚོན་ན་རི་རྒན་ཚང་དང་ཧ་འཇའ་འབུ་ཞིང་གཞོམ་གསར་སོགས་དུད་ཀ་ཉུང་ཙམ་གྱིས་མི་གྲངས་མང་ཙམ་གྱུར་སོང་བ་རེད།   དུད་ཀ་དེ་དག་ཚང་མ་གཉེན་ཉེ་འབྲེལ་མིན་པ་ཞིག་ཕལ་ཆེར་མེད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་ཡིན་པས་སོ།། 

ཁམས་དཔལ་ཡུལ་གཙང་མདོ་སྟོང་མཐོ་གྲོང་ཚོའི་གནའ་བོའི་ལོ་རྒྱུས་རགས་བསྡུས།


        ཡང་གནའ་མིའི་ངག་རྒྱུན་ལྟར་ན་གྲོང་ཚོ་འདིར་མིང་ཁྱད་པར་བ་གཉིས་ཐོགས་མྱོང་བ་ཡིན་ཏེ། སྟོང་མཐོ་དཔོན་ལུང་ནང་པ་དང་།  སྟོང་མཐོ་བླ་ལུང་ནང་པ་ཞེས་ཕ་ཡུལ་ཕྱོགས་ལ་ཡོངས་སུ་གྲགས། དཔོན་ལུང་ནང་པ་ཞེས་གྲགས་པའི་རྒྱུ་མཚན་ནི། སྐབས་དེའི་དུས་སུ་ཁམས་སྡེ་དགེ་རྒྱལ་པོ་ལ་མདུན་སྐོར་སུམ་ཅུ་དང་ཧོར་འདྲ་བརྒྱད་ཅུ་སོགས་མང་པོ་ཡོད་པའི་ནང་ནས་ཧོར་འདྲ་བརྒྱད་ཅུའི་མགོ་མ་ཞེས་གཙང་མདོ་སྟོང་མཐོ་འབུ་ཞིང་མགོན་པོ་དོན་འགྲུབ་ཅེས་བྱའམ་ཡོངས་གྲགས་སུ་འབུ་ཞིང་དཔོན་ཟེར་བ་དཔའ་རྩལ་དང་སྤྱང་གྲུང་སྣ་འཛོམས་པ་ཞིག་བྱུང་མྱོང་བ་དང་།  རི་རྒན་མགོན་ཚེ་ཞེས་པ་སྡེ་དགེ་རྒྱལ་པོའི་གཉེར་ཆེན་ཡིན་པའི་བཤད་སྲོལ་དང་།  ད་དུང་འབུ་གཞོམ་སོགས་གྲོང་ཚོ་འདིའི་ནང་དུ་འཇོན་མི་མང་ཙམ་བྱུང་མྱོང་བའི་རྒྱུ་མཚན་གྱིས་དུས་སྐབས་དེར་མིང་དེ་ལྟར་བཏགས་འདུག   སྟོང་མཐོ་བླ་ལུང་ནང་པ་ཞེས་གྲགས་པའི་རྒྱུ་མཚན་ནི།  དུས་རབས་ཉི་ཤུ་པའི་མགོ་ཙམ་ལ་གཏེར་སྟོན་རིན་ཆེན་གླིང་པར་གུ་རུ་པདྨ་འབྱུང་གནས་ཀྱིས་ས་གནད་གལ་ཆེན་མང་ཙམ་གྱི་སྟེང་དུ་གུ་རུའི་སྐུ་ཚབ་བརྒྱ་དང་རྩ་བརྒྱད་བཞེངས་དགོས་པའི་ལུང་བསྟན་པའི་ནང་ཚན་ས་གནད་གལ་ཆེན་ཞིག་ཡིན་པར་གཟིགས་ཏེ་ཁོང་གིས་འབའ་ལ་རི་ཁྲོད་དུ་ཚོགས་ཁང་ཆུང་ཆུང་ཞིག་བཞེངས་ཏེ་དེའི་ནང་དུ་རྒྱུ་ས་ལས་གྲུབ་པའི་སྟོན་པ་ཤཱཀྱ་ཐུབ་པ་དང་།  འཕགས་པ་སྤྱན་རས་གཟིགས།  ཨོ་རྒྱན་པདྨ་འབྱུང་གནས་བཅས་མི་ཚད་ཙམ་རེ་དང་། བྱང་ཆུབ་མཆོད་རྟེན་ཁང་བརྩེགས་གཅིག་ཅན་དང་།  རིན་གླིང་ཁོང་གི་འདྲ་སྐུ་མི་ཚད་ཆུང་བ་ཙམ་བཅས་བཞེངས་ཡོད་པ་ཕྱིས་རིག་གསར་གྱི་སྐབས་སུ་གཏོར་བརླག་ཕྱིན་ཚར་འདུག   འདག་སྐུ་བཅའ་མཁན་ཧ་འཇའ་ཚང་གི་པདྨ་ཟེར་བའི་ལྷ་བཟོ་པ་དེ་ཡིན་སྐད། དེང་སང་ཡང་རྟེན་གསུམ་དེ་རྣམས་མཇལ་མྱོང་མཁན་གྱི་རྒན་པོ་ཁ་ཤས་ལྷག་ཡོད་པས་དེ་ཚོར་དྲིས་ན་འདྲ་སྐུ་དང་མཆོད་རྟེན་དེ་ཚོ་བཞག་སྟངས་ཀྱི་གོ་རིམ་ཆེ་ཆུང་བཅས་བཤད་རྒྱུ་ཡོད་པ་རེད།  རིན་གླིང་ཁོང་ལ་བསྟན་འགྲོའི་ཕྲིན་ལས་སྒྲུབ་པའི་གྲོགས་སམ་མཁའ་འགྲོ་མ་མང་ཙམ་ཡོད་པ་ལས་གཅིག་ནི་ངེད་ཚོའི་ཡུལ་འདིར་ཡོད་རབས་བཤད་སྲོལ་འདུག  ཁོང་ཡུལ་ཕྱོགས་འདིར་བྱོན་ཏེ་རྟེན་གསུམ་བཞེངས་པའི་ལོ་རྒྱུས་ཁོང་གིས་དངོས་སུ་ཕྱག་བྲིས་གནང་བ་ཡིག་རྙིང་ད་ལྟ་མངོན་སུམ་མིག་གི་དགའ་སྟོན་དུ་མཆིས་པ་ལས་ཡུན་རིང་ཐུང་གང་ཙམ་བཞུགས་ཡོད་མེད་སོགས་ངག་རྒྱུན་ལས་ཀྱང་གསལ་པོར་མ་ཐོས་མོད་ཚོད་དཔག་ལྟར་ན་ཡུན་རིང་པོ་བཞུགས་ཡོད་རྒྱུ་མ་རེད་སྙམ། གང་ཞེ་ན། ཁོང་གཙང་མདོ་འོ་ཐང་དགོན་དང་ཉ་གཤིས་གདོང་སྣ་དགོན་སོགས་ངེས་མེད་ཀྱི་ས་ཆ་མང་པོར་ཕེབས་ནས་འགྲོ་དོན་མཛད་རབས་ཀྱི་ལོ་རྒྱུས་མང་། ཁོང་གིས་འབའ་ལ་རི་ཁྲོད་དུ་རྟེན་གསུམ་བཞེངས་པ་ཙམ་གྱི་ལོ་རྒྱུས་ལས་བླ་ལུང་ནང་པ་ཞེས་པའི་མིང་དང་འབྲེལ་བ་ཡོད་པའི་བཤད་སྲོལ་ཆེར་མ་ཐོས་ཀྱང་གནས་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་ཏེ་ཐུགས་བསྐྱེད་སྨོན་ལམ་ཆེན་པོ་ཞིག་མཛད་ཡོད་པ་རྗེས་སུ་དཔག་པས་ཤེས་རྟོགས་ཐུབ་ན་མིང་དེའི་རྨང་གཞི་བཏིང་མཁན་ནི་ཁོང་ཡིན་པར་སེམས།   འོན་ཀྱང་བླ་ལུང་དངོས་བཏགས་པའི་རྒྱུ་མཚན་ནི།  ཁོང་དང་དུས་རབས་གཅིག་ཏུ་བྱུང་བའི་སྟོང་མཐོ་གྲོང་ཚོའི་ཧ་འཇའ་ཚང་གི་ཡབ་མགོན་རྗེས་དང་ཡུམ་ཨ་ཇག་ཆོས་སྒྲོན་དེ་གཉིས་ཀྱི་སྲས་སུ་འཁྲུངས་པའི་མཚན་ལ་མཁན་པོ་བསོད་ནམས་དོན་འགྲུབ་ཅེས་བྱ་བ་ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཆོས་སྡེ་ཆེན་པོ་དཔལ་གྱི་ཀཿཐོག་རྒྱུད་སྡེ་རུ་ཕེབས་ནས་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་མཁན་ཆེན་ཀུན་དཔལ་སོགས་དགེ་བའི་བཤེས་གཉེན་མང་པོའི་མདུན་ནས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་གསན་བསམ་མཛད།  ཨ་འཛོམས་སྒར་སོགས་ལའང་ཕེབས་ཏེ་ཨ་འཛོམས་འགྲོ་འདུལ་དཔའ་བོ་རྡོ་རྗེ་དང་མཁན་ཆེན་ངག་གི་དབང་པོ་སོགས་ཀྱང་མཉེས་པ་གསུམ་གྱིས་བསྟེན། སྐུ་ཚེ་སྨད་དུ་ཤར་རྒྱལ་བ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ་ཕེབས་ཏེ་གྲུབ་དབང་དཔལ་ཆེན་འདུས་པ་བླ་མར་བསྟེན་པར་མ་ཟད་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་གདན་རབས་རྒྱས་བསྡུས་རྣམས་ལས་གསལ་བར་ལྟར།  དཔལ་ཡུལ་དགོན་ཆེན་ལ་མཁན་རབས་མང་ཙམ་ཡོད་པའི་ནང་གསེས་མཁན་རབས་དྲུག་པར་མངའ་གསོལ་ནས་ཁོང་གིས་ལས་ཐོག་མཁན་པོའི་འགན་བཞེས་མཛད།  གྲུབ་དབང་དཔལ་ཆེན་འདུས་པའི་ཡང་སྲིད་གྲུབ་དབང་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་དཔལ་བཟང་པོས་ཐུབ་བསྟན་ཆོས་ཀྱི་གླང་པོའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་སྐབས་གྲོགས་དན་པ་ཧ་འཇའ་མཁན་པོ་བསོད་ནམས་དོན་འགྲུབ་ཁོང་ཡིན་པ་དང་།  དཔལ་སྤྲུལ་ཐུབ་བསྟན་དཔལ་བཟང་རིན་པོ་ཆེས་ཀྱང་ཁོང་གི་མདུན་ནས་དཔེ་ཆ་སྐོར་གསན་ཡོད་པར་ངེས་ཏེ་དཔལ་ཡུལ་བཤད་གྲྭ་ལ་བཀའ་སློབ་གནང་སྐབས་མཁན་པོ་བསོད་ནམས་དོན་འགྲུབ་ཀྱིས་དཔེ་ཆ་ནང་ནས་གནད་ཆེ་ཤོས་སྡོམ་གསུམ་དང་སྤྱོད་འཇུག་རྒྱུད་བླ་མ་སོགས་སྦྱང་དགོས་གསུངས་དར་ཞེས་ཚོགས་མང་ནང་དུ་ཕྲན་གྱིས་ཀྱང་ཐེངས་གཉིས་ཙམ་ཚོར་མྱོང་བ་དང་རྒྱུན་པར་ཁོང་གིས་ཐུགས་རྩིས་ཆེ་བའི་ལོ་རྒྱུས་མང་།  མཁན་ཆེན་ཁོང་གིས་བསྟན་འགྲོའི་མཛད་ཕྲིན་རྒྱ་ཆེར་སྐྱོང་ཞོར་དུ་ངེད་ཚོའི་ཡུལ་ཕྱོགས་སྟོང་མཐོ་འབའ་ལ་རི་ཁྲོད་དུ་ལོ་མང་པོའི་རིང་ལ་སྟོང་མཐོ་བའི་ཡུལ་མི་རྣམས་ཀྱིས་གཙོར་བྱས་གཙང་མདོ་སྟོད་སྨད་བར་གསུམ་གྱི་སེར་སྐྱ་མང་ཚོགས་མང་ཙམ་ལ་བདེ་ཆེན་ཞིང་སྒྲུབ་དང་གསང་འདུས་སྒྲུབ་ཆེན་སྨྱུང་གནས་སོགས་ཀྱི་ཆོས་རྒྱུན་བཙུགས་ཏེ།  གླག་བླ་ཆོས་འགྲུབ་ཀྱི་བདེ་སྨོན་འགྲེལ་པ་དང་།   སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་། སྨྱུང་གནས་ཀྱི་ཕན་ཡོན་སོགས་ཆོས་འཁོར་མང་ཙམ་བསྐོར་བ་གནའ་མི་རྒན་ཕོ་མོ་མང་པོས་ཞུ་བའི་སྐལ་བ་ལྡན་རབས་ཀྱི་ལོ་རྒྱུས་གསོན་པོ་མང་ཙམ་ད་ལྟར་ལྷག་ཡོད་པའི་མི་རབས་རྙིང་པ་ཁ་ཤས་ལ་གསལ་པོར་བཤད་རྒྱུ་ཡོད།  ཁོང་ཉིད་མཐར་དགུང་ལོ་བདུན་ཅུ་དང་བརྒྱད་ཅུ་དེ་གཉིས་ཀྱི་བར་ཙམ་དུ་དཔལ་ཡུལ་གྱི་ཁྲི་མུན་ད་ལྟ་སྔ་འགྱུར་མཐོ་སློབ་ཀྱི་ཀུན་དགའ་རྭ་བ་ཡོད་ས་འདིར་ཞིང་དུ་གཤེགས་སོང་འདུག  གཞན་ཡང་སྟོང་མཐོ་དགུ་བསྟན་ཚང་གི་ཕ་མགོན་འགྲུབ་དང་མ་བོ་ཆུང་གཉིས་ལས་མཚན་ལ་བསོད་ནམས་ཟེར་བའི་བླ་མའམ་མཁན་པོ་དེ་དུས་རབས་ཉི་ཤུ་པའི་སྟོད་སྤྱི་ལོ1924ཤིང་བྱི་ལོར་འཁྲུངས།  དགུང་ལོ་ཆུང་ངུའི་དུས་ནས་ཤར་རྒྱལ་བ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ་ཕེབས་ཏེ་དཔེ་ཆ་ལོ་གསུམ་ལ་སློབ་སྦྱོང་མཛད་པར་མ་ཟད།  རྗེས་སུ་ཡང་བསྐྱར་ཆོས་སྡེ་ཆེན་པོ་དཔལ་གྱི་ཀཿཐོག་གི་རྒྱུད་སྡེར་ཕེབས་ཏེ་ལོ་དྲུག་གི་རིང་ལ་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་དཔྱིས་ཕྱིན་པར་མཛད་རྗེས་སྐྱོར་དཔོན་དུ་མངའ་གསོལ།  ཕྱིས་སུ་མཁན་ཁྲི་ལ་མངའ་གསོལ་བའི་ལོ་རྒྱུས་ཡོད་མེད་མི་ཤེས་མོད་ཡོངས་གྲགས་སུ་མཁན་པོ་བསོད་ནམས་ཞེས་འབོད་པ་དེ་བྱུང་།  མཐར་སྐུ་ཚེ་ཡུན་དུ་མ་བསྲིང་པར་དགུང་ལོ35སྟེང་སྤྱི་ལོ1960ལྕགས་བྱི་ལོར་ཁྲི་མུན་དུ་དཔལ་ཡུལ་ཆོས་ཁྲི་སྟོན་ལ་འདས་སོང་བ་རེད། ད་དུང་ཨ་འཛོམས་འགྲོ་འདུལ་དཔའ་བོ་རྡོ་རྗེའི་དངོས་སློབ་ཧ་འཇའ་ཨུ་རྒྱན་བླ་མ་དང་། གནས་གསར་ཚུལ་ཁྲིམས་བླ་མ།  དགས་བསྡུ་ཨ་ཀ་བླ་མ་སོགས་དུས་སྐབས་གཅིག་ལ་སྐྱེས་བུ་མང་པོ་ཞིག་གྲོང་ཚོ་འདིར་འཁྲུངས་ཏེ་ཞལ་བཞུགས་པས་སྟོང་མཐོ་བླ་ལུང་ནང་པ་ཞེས་པའི་མཚན་གྱི་ཅོད་པན་དེ་དཔྱངས་བ་ཡིན་འདུག  དེང་སང་གཞན་ལས་བལྟས་ན་དཔལ་འབྱོར་དང་རིག་གནས་སོགས་ཀྱི་ཐད་ནས་ཅུང་རྗེས་ལུས་ཡིན་པ་དང་།  གནའ་བོའི་ལུགས་སྲོལ་ལྟར་ཆོས་ཚོགས་སོགས་འཐུས་སྒོ་ཚང་བ་ཞིག་མ་བྱུང་རུང། གྲོང་ཚོ་འདིའི་སེར་སྐྱ་མི་དམངས་ཡོངས་རང་འགུལ་དང་རང་མོས་འཆམ་འཐུན་གྱི་སྒོ་ནས་རང་དོན་རང་གཅེས་གཙིགས་སུ་འཛིན་བཞིན་མ་རབས་ལུགས་ངན་སྤྱོད་པ་རྔོན་དང་རྐུ་འཕྲོག་ཆང་རག་སོགས་རྒྱང་དུ་དོར་ཏེ། ཡ་རབ་དམ་པའི་གྲལ་ལ་རེ་སྙེགས་བྱེད་པའི་དུས་སྐབས་ཤིག་ལ་ཁེལ་བས་སྟོང་མཐོ་ཆོས་ལུང་ནང་པ་ཞེས་པའི་མིང་གི་ཅོད་པན་གསར་པ་ཞིག་འདོགས་ན་མི་འོས་པ་དང་མི་འཐད་པ་གང་ཡང་མེད་སྙམ། གསལ་བཤད་ཞུ་དགོས་པ་ཞིག་ལ་ཕྲན་གྱིས་དཔལ་ཡུལ་གཙང་མདོ་སྟོང་མཐོ་གྲོང་ཚོའི་གནའ་སྔོན་ཆད་དུས་རབས་བཅུ་དགུ་པའི་སྨད་ནས་ཉི་ཤུ་པའི་སྟོད་ལོ་རབས་དྲུག་ཅུ་ཡན་གྱི་ལོ་རྒྱུས་ནང་གི་ཆ་ཤས་རགས་བསྡུས་ཙམ་ཞིག་གླེང་བ་ལས་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་ཚུན་ཆད་ཀྱི་ལོ་རྒྱུས་འདི་ནང་དུ་བྲིས་མེད་པ་རྒྱུ་མཚན་གང་ཞེ་ན།  ང་རང་གིས་ལོ་རྒྱུས་ཉུང་ཙམ་འདི་བྲིས་པའི་དམིགས་ཡུལ་དེ་ང་ཚོས་གནའ་སྔ་མོའི་ལོ་རྒྱུས་མང་པོ་ཞིག་མ་ཤེས་པ་ཆགས་སོང་ན་དེ་དང་ལྷན་དུ་རང་ཡུལ་གྱི་དམངས་སྲོལ་ལམ་སྲོལ་རྒྱུན་གྱི་རིག་གནས་མང་པོ་ཞིག་ཀྱང་ཉམས་འགྲོ་ས་རེད་སྙམ་པའི་ན་ཟུག་དེས་ཀུན་ནས་བསླངས་ཏེ་བརྗེད་ཐོ་ཙམ་དུ་དམིགས་ཏེ་བྲིས་པ་ཙམ་ཡིན་པས་ཕྱིས་ཀྱི་ལོ་རྒྱུས་འགོད་པའི་ངལ་བ་མ་བྱས་པའོ།། 

    ཡུལ་ཕྱོགས་འདིས་མཚོན་འཛམ་གླིང་ཐ་གྲུ་ཀུན།  

    མི་འདོད་ཉེར་འཚེ་མཐའ་དག་དབྱིངས་སུ་ཞི།  

    ཐམས་ཅད་བདེ་དགེའི་དཔལ་ལ་ལོངས་སྤྱོད་ནས།  

མཐར་ཐུགས་རྫོགས་སངས་རྒྱས་པའི་བཀྲ་ཤིས་ཤོག


  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:ལྡོང་སྤྱང་མི་ཉག་གི་བྱུང་རིམ་དང་འབྲེལ་བའི་ལོ་རྒྱུས་བསྡུས་པ་དཔྱོད་ལྡན་འཇུག་པའི་སྒོ།