གསོལ་འདེབས་དད་པའི་སྒྲ་དབྱངས།

ཐུབ་བསྟན་བཟོད་པ།        2016-12-22

སྨྲ་བ་ཟླ་མེད་འདྲེན་མཆོག་ཤཱཀྱའི་ཏོག།

མདོ་སྔགས་ཆོས་ཀྱི་རྒྱལ་མཚན་སྒྲེང་པ་པོ།།

འཇམ་དབྱངས་ངུར་སྨྲིག་ཟློས་གར་ཙོང་ཁ་པ།།

སྒོ་གསུམ་དད་ཅིང་གུས་པས་ཕྱག་འཚལ་ལོ།།

རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས།།

སྙིགས་དུས་འགྲོ་ལ་བརྩེ་བས་མ་བཟོད་པར།།

མི་ཡི་རྣམ་རོལ་བློ་བཟང་གྲགས་པའི་དཔལ།།

མི་ཕམ་མགོན་པོའི་དྲུང་དུ་མཇལ་བར་ཤོག།

ལྷོ་ཕྱོགས་བྷོ་ཊའི་ཡུལ་ལྗོངས་ཞེས་གྲགས་པར།།

ཟབ་མོ་དབུ་མའི་ལྟ་བ་སྲོལ་འབྱེད་མཁན།།

སྙིང་སྟོབས་རྨད་བྱུང་རྒྱལ་སྲས་ཆོས་ཀྱི་རྗེ།།

མི་ཕམ་མགོན་པོའི་དྲུང་དུ་མཇལ་བར་ཤོག།

བོད་ཡུལ་རྨོངས་པའི་དྲི་མ་སེལ་སླད་དུ།

མགོན་ཁྱེད་བྱོན་ནས་དམ་ཆོས་སྒྲོན་མེ་སྦར།།

དགེ་ལྡན་བསྟན་པའི་བདག་པོ་ཆོས་ཀྱི་རྗེ།།

མི་ཕམ་མགོན་པོའི་དྲུང་དུ་མཇལ་བར་ཤོག 

དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་།།

ངོ་ཚ་ཤེས་དང་ཁྲེལ་ཡོད་ཤེས་རབ་ཀྱི།།

འཕགས་ནོར་བདུན་གྱིས་ཕྱུག་པའི་ཆོས་ཀྱི་རྗེ།།

མི་ཕམ་མགོན་པོའི་དྲུང་དུ་མཇལ་བར་ཤོག 

དེ་ལྟར་བདག་གིས་མགོན་པོ་ཁྱེད་ཉིད་ལ།།

ཅུང་ཟད་བསྟོད་ལས་བྱུང་བའི་དགེ་བའི་མཐུས།།

ཚེ་རབས་ཀུན་ཏུ་རྒྱལ་བ་ཡབ་སྲས་རྣམས།།

འབྲལ་བ་མེད་པར་དགྱེས་བཞིན་རྗེས་འཛིན་ཤོག།


  • ལེ་ཚན་སྔོན་མ།:ལོ་ཟླ་བསུ་བར་སྐུལ་བ།
  • ལེ་ཚན་རྗེས་མ།:ཁ་གཡང་བཀྲ་ཤིས་བརྒྱད་ལྡན།