གངས་ཅན་མེས་པོའི་ཡིག་གཟུགས་འབྲི་བའི་ཐབས་ལམ་དང་རང་ཉིད་ཀྱི་བཤད་འདོད་པའི་སྐད་ཆ་འགའ།

གསེར་ཁབ།        2016-12-08

      སྤྱིར་སྙན་གཞུང་ནང་སྙན་ངག་ལ་ལྡན་དགོས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་བཞིན་གོ་བདེ་བའི་སྙན་ངག་གམ་ཀུན་གྱིས་ཤེས་པའི་སྙན་ངག་ཅིག་བྲིས་ཚེ།དེ་ནི་སྙན་ངག་མིན་སྙམ། རྒྱུ་མཚན་ནི་སྐད་ཆ་བཤད་པ་དང་གཅིག་མཚུངས་སུ་འདོད་ཡོད།དཔེར་ན། ཙོང་ཁ་བ་ཆེན་མོའི༼  དྲང་ངེས་ལེགས་བཤད   དང་དེ་བཞིན་གནའ་བོའི་མགུར་སོགས་ལ་བལྟས་ན་བློ་སྒོ་གསལ་པོ་ཕྱེ་ཐུབ་པར་མ་ཟད།སྙན་ངག་ལ་དམིགས་རྐྱེན་གང་འདྲ་ཡོད་པ་ཡང་གསལ་པོ་ཤེས་ཐུབ་སྙམ།

       ཏག་ཏག་མངོན་སུམ་གྱི་ཚོར་བ་དང་འཆར་ཡན་གྱི་རྨི་ལམ་ནི།   སྙན་ངག་གི་གཡུལ་ས་དངོས་དེ་མ་ཡིན་པར།རང་ངོར་ཚད་ལས་བརྒལ་པའི་བསམ་བློའི་འགུལ་ཤུགས་དེ་ནི་ཆེས་གལ་ཆེའི་སྙན་ངག་ཅིག་རེད་ལ་ངས་འཚོལ་སྙེག་བྱེད་པའི་དམིགས་བྱ་དེའང་ཡིན།  དོན་དམ་པར་སྐད་ཆའི་ལང་ཚོ་མཇུག་མ་རྗོགས་བར་དུ་ཚིག་འབྲུ་རེ་རེའི་གསེབ་ནས་རང་ཉིད་རང་གི་ཚབ་མཚོན་བྱེད་དགོས་པར་འདོད་དོ།

      སྤྱིར་བོད་ཀྱི་ཡིག་གཟུགས་ལ་༼  སྙོམས་གཙང་སྒྲིག་གསུམ་ལྡན་པ་དང་། ལེགས་མགྱོགས་དག་གསུམ་དྲུག་ཚང་ན། ཡི་གེ་འབྲི་ལ་མཁས༽ ཞེས་ཡི་གེ་ཚད་ལྡན་འབྲི་བའི་ཆ་རྐྱེན་དྲུག་ཚང་དགོས་པ་བསྟན་ཡོད། བོད་ཡིག་གི་ཡིག་གཟུགས་ནི་སྦྱོང་དཀའ་བ་ཞིག་རྩ་བ་ནས་མིན།  འགག་རྩ་ནི་དེའི་ཁྱད་ཆོས་དམ་འཛིན་ཐུབ་མིན་ལ་ཐུག་ཡོད།  དེའི་ཁྱད་ཆོས་ནི་དབྱངས་གསལ་གཉིས་དང་མགོ་མདོགས་བརྩེགས་གསུམ་རྣམས་ལེགས་པར་སྦྱང་ཐུབ་ན་དེར་མ་འདུས་པའི་གཟུགས་ཤིག་མེད་སྟབས་དེ་དག་ལ་སྦྱངས་པ་དཔྱིས་ཕྱིན་པ་བྱ་རྒྱུ་དེ་རེད།

      སྔོན་བྱོན་མེས་པོས་གསར་གཏོད་གནང་བའི་བོད་ཡིག་གཟུགས་སྦྱོང་བའི་གོ་རིམ་དང་ཐོག་དཔེ་བྲིས་དང་། དེ་ནས་སྐམ་བྲིས། དེ་བཞིན་དུ་རློན་བྲིས་འབྲི་དགོས་ཀྱི་ཡོད། གོ་རིམ་དེ་དག་ཚང་མ་ནི་སྦྱང་ཤིང་ཐོག་སྦྱང་བྲིས་བྱེད་དགོས་པ་ཞིག་ཡིན་ནའང་ད་ལྟའི་ཆར་སློབ་གྲྭ་མང་ཆེ་བས་སྦྱང་ཤིང་བེད་སྤྱོད་མེད་པར་ཐད་ཀར་ཤོག་ཐོག་ཏུ་ཞ་སྨྱུག་གམ་སྐམ་སྨྱུག་གིས་འབྲི་རུ་འཇུག་གི་ཡོད། དེ་ནི་བོད་ཡིག་ཡིག་གཟུགས་སྦྱོང་བའི་ཆོས་ཉིད་དང་མི་མཐུན་པས་ཡིག་གཟུགས་ལེགས་པོ་ཞིག་འབྲི་ཐུབ་རྒྱུ་ནི་ཉིན་མོའི་སྐར་མ་ལྟར་རོ།། ང་རང་བོད་ཀྱི་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་དཀྱུས་མ་ཞིག་གིས་ངོས་ནས་བརྗོད་ན་དེང་གི་ཆར་མི་བུ་མང་ཆེ་བས་གློག་འཕྲུལ་ལ་བརྟེན་ནས་ཕ་མེས་ཀྱིས་ང་ཚོར་བཞག་པའི་ཡིག་གཟུགས་བོར་བརླག་བཏང་དང་གཏོང་བཞིན་ཡོད། སྔོན་བྱོན་མཁས་པས་གསུངས་པ་ལྟར།   མི་རིགས་རིག་གནས་དར་རྒྱས་ཡིན་མིན་ནི། སྐད་དང་ཡི་གེ་ཡོད་མེད་སྟེང་ནས་ཕྱེ། རིག་གནས་སྤེལ་དང་གནས་པའི་ལག་ཆ་ཡང་། ཡིག་རིགས་ལས་གཞན་ཐབས་ལེགས་ཡོད་མ་ཡིན། རྩོམ་ལ་མཁས་ཀྱང་ཡིག་གཟུགས་མ་ཡག་ན། ཁ་འཁྱོག་རྣ་རྡིབས་བུ་མོ་ན་ཆུང་བཞིན། དེ་ཕྱིར་རྩོམ་དང་ཡིག་གཟུགས་གཉིས་ཀ་ལ། ཡན་ལག་ཚང་བར་སྦྱོང་བ་གནད་དུ་ཆེ།  ཞེས་དང་།  ཡང་སྔོན་བྱོན་མཁས་དབང་གིས༼  དེ་ཡང་ཐོག་མར་ཐིག་ལ་རུས་པ་དང་། བར་དུ་རུས་ལ་ཤ་ཉམས་འདོན་པ་དང་།  ཐ་མ་ཤ་ལ་མཛེས་ཉམས་བསླབས་པ་སོགས།  རིམ་བཞིན་རྐང་པ་རིང་ཐུང་མེད་པའི་ངོས།  འབྲུ་ནི་ཡུངས་དཀར་སྟར་ལ་བཀོད་འདྲ་ལ།  སྙོམས་ལེགས་བྱུང་དུས་ཧ་ལམ་མཁྱེན་པའི་ཚད།༽  ཅེས་གོང་གི་ཆ་རྐྱེན་དེ་རྣམས་ཚང་ན་ཡིག་གཟུགས་ཚད་དང་ལྡན་པ་འབྲི་ཐུབ་རྒྱུར་གདོན་མི་ཟའོ།།

      ང་ཚོས་གཡག་ཞ་རས་རྩྭ་བཟས་པ་བཞིན་ད་སྐབས་ཡིག་གཟུགས་ལ་དེ་ཙམ་གྱི་དོ་སྣང་བྱེད་ཀྱི་མེད། དེར་བརྟེན་ཡིག་གཟུགས་ཞ་སྨྱུག་གིས་འབྲི་བའམ་བྱང་གོམས་མ་བྱེད་པའི་སྲོལ་ངན་དོར་ཏེ་མ་དག་རྒྱུན་འབྱམས་སུ་སོང་རིགས་གང་མགྱོགས་ཐག་གཅོད་བྱ་རྒྱུ་ནི་མི་བུ་རེ་རེ་ནས་འགོ་བཙུགས་ཏེ་ཡར་རྒྱས་གོང་འཕེལ་གཏང་དགོས་འདུག།


  • ལེ་ཚན་སྔོན་མ།:བདག་གི་གསར་རྩོམ་གྱི་ལམ་ཕྲན།
  • ལེ་ཚན་རྗེས་མ།:ཡུན་ཕན་དབུལ་སྐྱོར་གྱི་འགག་རྩ་སྐོར་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།