ཕ་ཡུལ་གྱི་ཁང་བཤད།

གྱོང་བ་སློབ་གྲྭའི་སློབ་མ་འཕྲིན་ལས་དབང་མོས་བསྡུས།        2016-12-06

གནམ་འཁོར་ལོ་རྩེ་དགུ་ཡི་མར་འོག

ས་པདྨ་འདབ་བརྒྱད་ཀྱི་གདན་སྟེང་།

ཁང་བ་རྡོ་ཁང་ཁྲ་མོ།ཕྱི་རྩིག་པ་ཡག་མོ་གསེར།

ནང་རྩིག་པ་ཡག་མོ་དངུལ།

བར་ཅ་ལ་ཁྲ་མོ་གཡུ།

ངོས་བཞི་པ་ཏྲ་བཞི།

པ་ཏྲ་བཞི་ལ་སེང་གེ་བཞི།

སེང་གཡུ་རལ་འཛོམས་པའི་རྟེན་འབྲེལ།

ཕྱོགས་བཞི་ལ་སྒོ་བཞི། སྒོ་རེ་ལ་སྟག་མོ་རེ།

སྟག་དམར་ཡག་འཛུམ་དྲུག་རྒྱས་པའི་རྟེན་འབྲེལ།


ཀ་བ་མདའ་སྨུག་བཙུགས་འདྲ།

ཀ་གཞི་རྨ་བྱ་བབས་འདྲ།

ཕོ་གདུང་སྦྲུལ་ནག་བརྐྱངས་འདྲ།

གདུང་མ་ཉ་མགོ་སྒྲིག་འདྲ།

སུར་ཚགས་བལ་སྟན་བཏིང་འདྲ། 

ཨར་ཀ་ས་ཡི་ས་སྤྲི། 

གཡུ་འབྲུག་སྔོན་མོའི་ཁ་ཆུ། 

སྒོ་ཕྱི་སྒོ་ནང་སྒོ་བར་སྒོ་གསུམ། 

ཕྱི་སྒོ་ཁྲ་མོ་གསེར་གྱི་སྒོ། 

གསེར་གྱི་འཕྲེད་རྟེན་ནང་ལ་བཞག

གསེར་གྱི་སྒོ་ལུང་ཕྱི་ལ་དཔྱང་། 

སེར་བོ་དར་གྱིས་སྒོ་དར་གསོལ། 

རྐྱང་བརྒྱ་འཁོར་བའི་གཡང་ཞིག་ཆགས། 

རྐྱང་ལ་སྒ་བརྒྱ་འཛོམས་པའི་རྟེན་འབྲེལ།


བར་སྒོ་ཁྲ་མོ་གཡུ་ཡི་སྒོ། 

གཡུ་ཡི་འཕྲེད་རྟེན་ནང་ལ་བཞག

གཡུ་ཡི་སྒོ་ལུང་ཕྱི་ལ་དཔྱང་། 

སྔོན་པོ་དར་གྱིས་སྒོ་དར་གསོལ། 

འབྲི་བརྒྱ་འཁོར་བའི་གཡང་ཞིག་ཆགས། 

འབྲི་བརྒྱ་ལ་གཡུ་ཟེའུ་འཛོམས་པའི་རྟེན་འབྲེལ། 

ནང་སྒོ་ཁྲ་མོ་དངུལ་གྱི་སྒོ། 

དངུལ་གྱི་འཕྲེད་རྟེན་ནང་ལ་བཞག

དངུལ་གྱི་སྒོ་ལུང་ཕྱི་ལ་དཔྱང་།

དཀར་བོ་དར་གྱིས་སྒོ་དར་གསོལ།

ལུག་བརྒྱ་འཁོར་བའི་གཡང་ཞིག་ཆགས།

ལུག་བརྒྱ་ལ་བལ་དཀར་འཛོམས་པའི་རྟེན་འབྲེལ།

ནང་ཤིང་ཁང་ཁྲ་མོ་ཤིང་གིས་བཟོས།

ཤིང་སྣ་ལྔ་ལ་རི་མོ་བརྐོ། 

དང་བོ་གཡུང་དྲུང་ལག་སྦྲེལ་བརྐོས། 

གཉིས་པ་པདྨ་འདབ་བརྒྱད་བརྐོས། 

གསུམ་པ་ཆོས་རྩེག་ཆོས་སློག་བརྐོས། 

བཞི་བ་བྱ་འབྲུག་ཁ་སྤྲོད་བརྐོས་བ་སོགས་བཤད་པས་མི་ཚར་རོ།།


  • ལེ་ཚན་སྔོན་མ།:གུས་ཞབས་དང་འབྲེལ་བའི་མན་ངག
  • ལེ་ཚན་རྗེས་མ།:བུ་མོ་སྤུན་གསུམ།