གསར་རྩོམ་ལ་ཞུགས་པའི་མྱོར་ཚོར་མདོར་ཙམ་གླེང་བ།

ཨ་འབུམ་བློ་བཟང་དམ་ཆོས།        2016-10-31

    དེ་ཡང་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་སྐྱེས་པའི་དེང་གི་རྩོམ་པ་པོ་རྣམས་ལ་མཚོན་ན།རང་ཉིད་གསར་རྩོམ་ལ་ཞུགས་པའི་གོ་རིམ་གླེང་དུས་མཁས་དབང་དགེ་འདུན་ཆོས་འཕེལ་དང་དཔལ་དོན་འགྲུབ་རྒྱལ་མི་གླེང་ཀ་མེད་ཡིན་ལ།ང་ཡང་དེ་བཞིན་ཡིན།དེ་བས་འདིར་ངས་རང་ཉིད་ནར་སོན་གྱི་གོ་རིམ་དང་།གསར་རྩོམ་ལ་ཐོག་མར་ཞུགས་པའི་ལམ་ཁ་ནས་དཔལ་དོན་འགྲུབ་རྒྱལ་མི་གླེང་ཐབས་མེད་ཡིན།
   ངས་དོན་འགྲུབ་རྒྱལ་ཞེས་པའི་མིང་འདི་ཐོག་མར་ངའི་ཨ་ཕའི་ངག་ལས་ཐོག་མར་གོ་བ་ཡིན་ལ།དེ་དུས་ངའི་ཨ་ཕ་དང་སློབ་ཆུང་གི་དགེ་རྒན་སྐོར་ཞིག་ངའི་ཁྱིམ་དུ་འཛོམས་ནས་ལབ་གླེང་བྱེད་པའི་ཁྲོད་དུ།ཨ་ཕས་མཁས་པ་དོན་འགྲུབ་རྒྱལ་འདས་སོང་བས་སེམས་སྡུག་གི་ཟེར་ནས་ང་ཆང་ཉོ་བར་མངགས་པ་དྲན་ཡུལ་ན་གསལ་པོར་འདུགསྐབས་དེར་ངའི་ཕ་ཡུལ་གཅན་ཚ་ན་དོན་ཆེན་ཞིག་གླེང་བྱར་གྱུར་ཡོད་པ་ནི་མཁས་པ་དོན་འགྲུབ་རྒྱལ་འདས་སོང་ཟེར་བ་དེ་ཡིན་པ་དང་།དེ་ཡང་མང་མང་གི་ཁ་ན་ཡོད་མེད་བཤད་དཀའ་མོད།ངའི་ཕ་དང་མཚུངས་པའི་ལས་བྱེད་པ་དང་དགེ་རྒན་ཚོའི་ཁྲོད་ན་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་པ་གསལ་པོ་རེད།
    ང་རང་སློབ་ཆུང་ལོ་རིམ་ལྔ་བ་འགྲིམས་པའི་སྐབས་སུ་ད་གཟོད་དཔལ་དོན་གྲུབ་རྒྱལ་གྱི་སྙན་ངག་ལང་ཚོའི་རྦབ་ཆུ་ལ་མཇལ་བའི་གོ་སྐབས་བྱུང་ལ།སྐབས་དེར་སྙན་ངག་འདི་བློར་འཛིན་གྱིས་གྱེར་འདོན་བྱས་པ་དང་།ལོ་ངོ་མང་པོ་ཞིག་ལ་ལང་ཚོའི་རྦབ་ཆུའི་ཚིག་ནི་ཁ་ནས་རང་དབང་ངང་གྱེར་རྒྱུ་ཡོད།དེའི་རྗེས་སུ་དཔལ་དོན་གྲུབ་རྒྱལ་གྱི་འབོལ་རྩོམ་ཞོགས་པའི་སྐྱ་རེངས།ལྷུག་རྩོམ།སྒྲུང་གཏམ་སོགས་ཤུགས་ཆེན་སྒོས་བཀླགས་མྱོང་བ་དང་།ད་དུང་སྐབས་དེར་ང་ཚོ་ན་གཞོན་ཚོའི་སྙན་ངག་པའི་མི་སྣ་གསོན་པོ་རྩེ་རྟོགས་སད་དང་།གཅན་རང་སད།ལྡོང་ཆུ་ཤེལ།ལྕང་སྐྱ་དགེ་འདུན་བཀྲ་ཤིས(རྗེས་སུ་ཁོང་དགེ་རྒན་དུ་བསྟེན་ནས་སྙན་ངག་སྤྱི་དོན།ཚངས་སྲས་བཞད་སྒྲ།སྙན་འགྲེལ་ཡང་གསལ་སྣང་མཛོད།ར་མ་ནའི་རྟོགས་བརྗོད།རྗེའི་བསྟོད་ཆེན་སོགས་ཀྱི་སྟེང་ནས་སྙན་ངག་ལ་སྦྱངས་ཤིང་།རྩོམ་རྒྱུགས་ཀྱང་ཕལ་ཆེར་ཕུལ་བ་ཡིན།)སོགས་སྲོལ་རྒྱུན་སྙན་ངག་གཙོ་ཆེར་འབྲི་བའི་རྩོམ་པ་པོ་དང་།གཅན་མེ་སྟགལྗང་བུ།སྐྱབས་ཆེན་བདེ་གྲོལ་སོགས་གསར་དར་རང་མོས་སྙན་ངག་གཙོ་བོར་འབྲི་བའི་རྩོམ་པ་པོ་མང་པོའི་བརྩམས་ཆོས་ལ་སློབ་སྦྱོང་དང་།ཅི་ཐུབ་གང་ཐུབ་ཀྱིས་བཀླགས་པས་རང་གི་རྩོམ་འབྲིའི་ནུས་པ་བླ་ལྷག་གིས་གོང་འཕེལ་བྱུང་ངོ་།།
    དང་པོ།སྐད་ཆའི་སྒྱུ་རྩལ།
    རྩོམ་རིག་ནི་སྐད་ཆའི་ལང་ཚོ་མངོན་ཚུལ་ཞིག་ཡིན་ཞིང་།སྐད་ཆའི་ཡག་བཙོག་དང་སྐད་ཆའི་བཀོལ་སྤྱོད་ནི་རྩོམ་ཡིག་གི་ལེགས་ཉེས་ལ་ཐད་ཀར་འབྲེལ་བ་ཡོད་དེ།རྩོམ་རིག་གིས་སྐད་ཆ་མ་བཤད་ན་མི་ཆོག་ལ།བཤད་ནའང་བཤད་ཤེས་དགོས།
    ཡི་གེ་ནི་སྐད་ཆ་གཟུགས་སུ་ཕབ་པའི་སྣང་བརྙན་དེ་ཡིན་ཞིང་དེ་ལ་བརྗོད་བྱ་སྲོག་གི་དབང་པོས་བཟུང་ཞིང་ཚིག་རྒྱན་གོས་ཀྱི་ཤམ་བུ་གཡོག་ཚེ་ད་གཟོད་རྩོམ་ཡིག་ཅིག་གྲུབ་ཡོང་གི་ཡོད།
    རྩོམ་ཡིག་འབྲི་བ་འདི་ཧ་ཅང་སླ་བར་བྱས་ཏེ་བཤད་ན།རྩོམ་ཡིག་ནི་མི་སུ་དང་གང་ལའང་ཡོད་པའི་ཆ་མཉམ་གྱི་ནུས་པ་ཞིག་རེད་ལ།མདོར་ན་དེ་ནི་སྐད་ཆ་རེད་ཞེས་བཤད་ཀྱང་ཆོགདེས་ན་སྐད་ཆ་བཤད་ཤེས་པ་ཙམ་གྱིས་མི་ཆོག་པར་འབྲི་ཡང་ཤེས་དགོས།སློབ་དཔོན་ཐོན་མིས་སྐད་ཆའི་གདངས་ལ་བརྟགས་ནས་སྐད་ཆ་བྲིས་ཤིང་།སྐད་ཆ་འབྲི་སྟངས་གསར་དུ་བཏོད་པ་རེད་ཟེར་ན་ཡང་ཆོགསྐད་ཆ་བདེན་པ་བདེན་དྲང་ཞིག་དང་།སྐད་ཆ་མགོ་རྔ་ཚང་བ་ཞིགསྐད་ཆ་སྙན་མོ་ཞིགསྐད་ཆ་དག་མོ་ཞིགསྐད་ཆ་གསོན་ཉམས་ལྡན་པ་ཞིག་འབྲི་ཐུབ་ཚེ་རྩོམ་ཡིག་བཟང་ཤོས་དེ་རེད།མདོར་ན་མི་རང་རང་གི་དགའ་སྐྱོ་ཆགས་སྡང་སོགས་ཡི་གེའི་ལམ་ནས་སྤེལ་ཐུབ་པ་དེས་མི་རིགས་དེའི་ཡི་གེའི་རིན་ཐང་ཐད་ཀར་མངོན་ཐུབ་པ་དང་།བེད་སྤྱོད་ཀྱི་རིན་ཐང་ཡང་ཐད་ཀར་མངོན་ཡོད།དེས་ན་སྐད་ཆ་ལ་ཞིབ་འཇུག་དང་འདོར་ལེན་བྱེད་རྒྱུ་ནི་རྩོམ་པ་པོ་ཞིག་གི་ངོས་ནས་བཤད་ན་རྩོམ་མཁན་དུ་འགྱུར་བའི་ཆ་རྐྱེན་དང་པོ་ཡིན།
    ཀོར་ཁི་ཡིས་རྩོམ་རིག་གསར་རྩོམ་གྱི་མན་ངག་ནི་ཐོག་མར་སྐད་ཆ་ཞིབ་འཇུག་བྱེད་རྒྱུ་དེ་ཡིན་ཏེ།སྐད་ཆ་ནི་བརྩམས་ཆོས་མཐའ་དག་དང་ཁྱད་པར་དུ་རྩོམ་རིག་གི་བརྩམས་ཆོས་འགྲུབ་བྱེད་ཀྱི་རྒྱུ་ཆ་ཡིན་པའི་ཕྱིར་རོ།།ཞེས་གསུངས་པ་དང་།སྐད་ཆ་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་རྒྱུ་དེ་ཡང་ཡིག་ཐོག་ཁོ་ན་མིན་པར་རྒྱ་ཆེའི་མང་ཚོགས་ཀྱི་ངག་ཐོག་ན་ཡོད་པ་དང་།རྒྱ་ཆེའི་མང་ཚོགས་ནི་སྐད་ཆའི་བང་མཛོད་ཡིན་ཏེ།མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།ལྷག་པར་དུ་རྩོམ་དང་སྙན་ངག་ཕུན་སུམ་ཚོགས་པ་ཞིག་འབྲི་བ་ལ་རང་གི་ལུང་བའི་སྐད་དེ་ལ་གཏིང་ནས་གོམས་འདྲིས་མཐིལ་ཕྱིན་པ་ཞིག་མིན་ན།ཚིག་དོན་དང་སྒྲ་དོན་སྦྱོར་ཚུལ་སྙན་པོ་དང་ཟབ་པོ་ཡོང་རྒྱུ་ཁག་པོ་རེད་འདུག   ཅེས་གསུངས་པ་ལྟར་ང་ཚོས་སྐད་ཆ་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་དགོས་པར་མ་ཟད།གསོག་འཇོག་དང་འདོར་ལེན་བྱེད་ཤེས་དགོས།
    གཉིས་པ།འཚོ་བའི་བརྗོད་བྱ།
    སྐུ་ཞབས་ཧྥུན་ཡུས་ཀྲུའུ་ཡིས“སྒྱུ་རྩལ་གྱི་དཔེ་གཞི་གང་ཞིག་ཡིན་ཡང་གནམ་ནས་ལྷུང་བ་ཞིག་མིན་པར།འཚོ་བའི་ས་ཞིང་གཤིན་པོ་ལས་སྐྱེས་ཤིང་།འཚོ་བའི་རང་གཟུགས་ངེས་ཅན་ལ་གཞི་བཅའ་དགོས་པ་རེད”ཅེས་གསུངས་པ་ལྟར།རྩོམ་རིག་ནི་སྤྱི་ཚོགས་འཚོ་བ་ལས་བྱུང་ཞིང་།ཆེས་ཐོག་མའི་བླང་བྱ་ནི་སྤྱི་ཚོགས་འཚོ་བ་དང་ཁ་འབྲལ་མི་རུང་བ་དེ་རེད།དེའི་གསལ་བཤད་ལྟ་བུར་སྐུ་ཞབས་ལུའུ་ཞུན་གྱིས།སྐྱེས་ཐོབ་ཀྱི་ཤེས་རབ་ཅན་རྣམས་ཀྱིས་སྒྲོ་འདོགས་ཇི་འདྲ་བྱས་ཀྱང་མཐར་གཏུགས་ན་རྟོག་བཟོ་ཁོ་ནས་མི་ཆོག་སྟེ།ལྷ་འདྲེའི་འདྲ་གཟུགས་འདི་དེ་མིན་གྱི་བདེན་དཔང་བྱེད་ས་མེད་པས།རྟ་ལྗང་མཁའ་སྤྱོད་ལྟ་བུའི་འཆར་སྣང་ལྟར་བྲིས་ཆོག་མོད།འོན་ཀྱང་ཁོ་ཚོས་བྲིས་པའི་སྤྱན་གསུམ་ཅན་དང་སྐེ་རིང་ཅན་དག་ཀྱང་རྒྱུན་ལྡན་གྱི་མིའི་ལུས་སྟེང་དུ་སྤྱན་གཅིག་བསྣན་པ་དང་སྐེ་ཇེ་རིང་དུ་བཏང་བ་ཙམ་མོ།།ཞེས་གསུངས།མཁས་དབང་དོན་གྲུབ་རྒྱལ་ལགས་ཀྱིས་ཀྱང་།ད་ལྟ་རང་རེའི་སྤྱི་ཚོགས་དང་རང་རེའི་དུས་རབས།རང་རེའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྙན་ངག་གི་བསྟན་བཅོས་གསར་བ་ཞིག་རྩོམ་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་བའི་གནད་དོན་ཞིག་ཡིན་པས།ང་ཚོའི་རེ་བ་དེ་བློ་ལྡན་རྣམ་དཔྱོད་ཅན་རྣམས་ལ་བཅོལ་ཡོད།ཞེས་གསུངས་པ་འདིས།དེང་རབས་བོད་ཀྱི་རྩོམ་པ་པོ་ཞིག་ལ་མཚོན་ན་རང་གི་མི་རིགས་ཀྱི་འཚོ་བ་མཚོན་པ་དང་སྐྱིད་སྡུག་མཚོན་པའི་རྩོམ་ཡིག་འབྲི་རྒྱུ་དེ་ཤུགས་ལ་གོ་ཡོང་།མདོར་ན།རྩོམ་རིག་ལ་སྒྲོ་འདོགས་ཇི་འདྲ་ཞིག་བྱས་ཀྱང་དེའི་རྨང་གཞི་ནི་སྤྱི་ཚོགས་འཚོ་བ་དངོས་ལས་བྱུང་ཞིང་དངོས་ཡོད་ཀྱི་འཚོ་བ་ཞིག་མངོན་པར་མཚོན་གང་ཐུབ་བྱས་པ་དེ་ཡིན།ཡིན་ནའང་མིག་སྔའི་ང་ཚོའི་བོད་ཀྱི་རྩོམ་སྟེགས་ནས་བལྟས་ན་རང་ཉིད་ཀྱི་རྩོམ་རིག་གིས་མི་རིགས་རང་གི་དངོས་ཡོད་འཚོ་བ་མཚོན་པ་མི་འདང་བའི་སྣང་ཚུལ་བྱུང་ཡོད་དེ།དཔེར་ན།རྩོམ་པ་པོ་སྐོར་ཞིག་ནི་གྲོང་ཁྱེར་གྱི་འཚོ་བ་དང་སློབ་གླིང་གི་བརྩེ་དུང་སོགས་ལ་མགོ་འཁོར་ཏེ་མི་རིགས་རང་གི་དངོས་ཡོད་ཀྱི་ཁྱད་ཆོས་དང་མཐུན་པའི་སྤྱི་ཚོགས་འཚོ་བར་བར་ཐག་ཅུང་རིང་བ་ལྟ་བུ་རེད།
    གསུམ་པ།རྩོམ་ཡིག་གི་འགན་ཁུར།
    རྩོམ་པ་པོ་ཞིག་ལ་མཚོན་ན་རང་གི་རྩོམ་ཡིག་ལ་རང་གིས་འགན་འཁུར་དགོས་ཤིང་།རྩོམ་ཡིག་དང་མི་གཤིས།བསམ་བློ་དང་ཀུན་སྤྱོད་གཉིས་ཁ་ཁར་འགྱུར་མི་འོས།དེ་ནི་རང་གི་རྩོམ་ཡིག་ལ་རང་གིས་འགན་ལེན་དགོས་ཞེས་པ་ཡིན་ལ།རྩོམ་ཡིག་གིས་མི་གཤིས་མཚོན་ཞེས་པ་ལྟར་རང་ཚུགས་དང་ཚུགས་ཐུབ་ཀྱི་ལྟ་བའམ་བསམ་བློ་ད་གཟོད་སྤྱི་ཚོགས་དང་ཀློག་མཁན་གྱི་བགོ་སྐལ་དུ་སྩོལ་དགོས།མདོར་ན་རང་ཉིད་ཀྱི་རྩོམ་ཡིག་གི་སྟེང་ན་འགན་འཁུར་ཡོད་པ་དེས་མི་རིགས་ལ་ཡང་འགན་འཁུར་ཡོད་དགོས་པ་དང་།བོད་ཡིག་གིས་ཐད་ཀར་བྲིས་པའི་རྩོམ་ཡིག་ཚང་མས་མི་རིགས་ལ་འགན་ཁུར་དགོས་ཞེས་བཤད་པ་མིན་མོད།འོན་ཀྱང་ཚང་མས་འགན་མ་ཁུར་ན་དེ་ནི་ང་ཚོ་ལོག་ལམ་དུ་ཕྱིན་པའི་སྣང་ཚུལ་ལས་མ་འདས།རྩོམ་རིག་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བ་ལས་བྱུང་ཞིང་དེས་སླར་ཡང་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བར་ཞབས་འདེགས་ཞུ་དགོས་པའི་ཆ་ནས་རྩོམ་རིག་གི་མི་རིགས་འགན་ཁུར་ཡང་གསལ་བོར་བསྟན་པ་རེད།རང་གི་རྩོམ་ཡིག་གིས་རང་གི་མི་རིགས་ལ་འགན་ཁུར་མིན་དེ་ནི་མི་རིགས་རང་གི་མ་འོངས་པའི་ལས་སྐལ་ལ་སེམས་ཁུར་བྱེད་མིན་ལ་ཐུག་ཡོད་པས།མི་རིགས་ལ་ཤ་ཚ་བའི་རྩོམ་པ་པོ་ཞིག་ཡིན་ན་ཐོག་མར་གནད་དོན་འདིར་བསམ་བློ་གཏོང་དགོས་ཏེ།སྐུ་ཞབས་ལུའུ་ཞུན་གྱིས་ཀྱང་དང་ཐོག་གསོ་རིག་གིས་མི་རིགས་སྐྱོབ་འདོད་མོད།མཇུག་མཐར་བསམ་བློར་འགྱུར་ལྡོག་བྱུང་སྟེ།ཐད་ཀར་དུ་རྩོམ་རིག་ལ་འཇུས་པ་ལའང་རྒྱུ་མཚན་ཞིག་མེད་པ་གཏན་ནས་མིན་ཏེ།ཁོང་གིས་རྩོམ་རིག་ཁོ་ནས་ད་གཟོད་ཐག་གཅོད་བྱེད་ཐུབ་པའི་མི་རིགས་ཀྱི་འགན་ཁུར་རང་བཞིན་ཤེས་རྟོགས་བྱུང་བས་ཡིན།མི་རིགས་ཤིག་ཉམས་རྒུད་དུ་གྱུར་ནས་ངུ་བའི་དུས་སུ།མི་རིགས་དེའི་རྩོམ་རིག་གིས་ད་དུང་འགྱུར་ཁུགས་ལྷང་ལྷང་གི་སྤྲོ་གླུ་བླངས་ཏེ་བསྡད་ན་ཇི་འདྲ་ཞིག་ཡིན།སྔོན་ཆད་སྙན་པའི་གྲགས་པ་འབར་བའི་མན་ཇུའི་སྐད་ཡིག་གི་ཉམས་རྒུད་དེ།རང་གི་མི་རིགས་ཀྱིས་རང་གི་རིག་གནས་དང་སྒྱུ་རྩལ་ཡལ་བར་དོར་བས་ལན་པ་མ་ཡིན་ནམ།ད་ལྟ་མ་ང་ཚོའི་མིག་སྔར་ཡང་རང་གི་མི་རིགས་ཀྱིས་རང་གི་རིག་གནས་སློབ་གསོར་དོ་སྣང་མི་བྱེད་པ་དང་།རང་གི་རྩོམ་ཡིག་་དང་སྒྱུ་རྩལ་གྱིས་མི་རིགས་རང་གི་འགན་འཁྲི་དང་ལེན་མི་བྱེད་པའི་སྣང་ཚུལ་ཞིག་མངོན་འདུགགནད་དོན་འདི་ནི་གཞན་ཞིག་མ་ཡིན་པར་མི་རིགས་རང་ལ་རག་ལས་ཤིང་།ལྷག་པར་དུ་མི་རིགས་འདིའི་རྩོམ་པ་པོ་རྣམས་ལ་ཐད་ཀར་འབྲེལ་བ་ཡོད་པས་གཞོན་སྐྱེས་རྩོམ་པ་པོ་རྣམས་ལ་མཚོན་ན་རྩོམ་རིག་གི་ལས་འགན་དེ་རླབས་ཆེ་ལ་དོན་སྙིང་ལྡན་པ་ཞིག་ཡིན་པ་སྙིང་གི་དཀྱིལ་ལ་ཆོངས་ཤིགགོང་དུ་རང་ཉིད་གསར་རྩོམ་ལ་ཞུགས་པའི་གནས་ཚུལ་དང་འབྲེལ་བའི་གསར་རྩོམ་གྱི་ཐོག་མའི་གོམ་པ་གསུམ་མདོར་བསྡུས་ཙམ་བཤད་པ་དགེ་གྱུར་ཅིག།
  • ལེ་ཚན་སྔོན་མ།:བོད་ཀྱི་ཡིག་ཚང་གི་རྣམ་པའི་ཆ་ནས་རིགས་དབྱེ་ཚུལ་ལ་དཔྱད་པ།
  • ལེ་ཚན་རྗེས་མ།:བདག་གི་གསར་རྩོམ་གྱི་ལམ་ཕྲན།
  • དོ་སྣང་ཆེ་བའི་རྩོམ།