ཟུར་ངོས་གང་རུང་ནས་བོད་ཀྱི་སློབ་ཆེན་དགེ་རྒན་ཚོ་གླེང་བ།

བྱམས་ཕྲུག        2011-02-23

སློབ་མ་མ་བརྟག་གཡང་མཆོང་འདྲ།།
                                 བླ་མ་མ་བརྟག་དུག་འཐུང་འདྲ།།
                                                                ----ཨོ་རྒྱན་པདྨ་འབྱུང་གནས །

སློབ་གསོ་ནི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གཞི་ཀ་རིང་བོ་དེ་ལྟ་བུ་ཡིན་པར་བྱས་ན་དགེ་རྒན་ནི་ཀ་བ་དེ་ཉིད་གཞི་འཛུགས་སའི་ཀ་རྡོ་ལྟ་བུ་ཡིན་འདུགདེ་མ་ཟད་དེང་རབས་སློབ་གསོའི་མཁའ་རླུང་སྟུག་པོས་འཛམ་གླིང་གི་ཡུལ་གྲུ་མཐའ་དག་དཔུང་འཇུག་བྱེད་ཀྱིན་པའི་གནས་སྐབས་འདི་འདྲར།ང་ཚོས་ཀྱང་ངེས་པར་དུ་མིག་ཟུང་འཛམ་གླིང་དུ་ཕྱོགས་དགོས་ལ་དེངས་རབས་ཅན་དུ་ཕྱོགས་དགོས།ཁ་ཕྱོགས་དེ་འདྲ་ཞིག་གི་ལམ་འཕྲང་དུ་འུ་ཚོས་གང་ཞིག་གི་བརྡ་རྟགས་བརྟེན་ནས་འཇིགས་རུང་གི་གཡུལ་ས་འདི་ལས་བསྒྲོལ་རྒྱུ་ཡིན་ནམ།འདི་ནི་ཆེས་གལ་ཆེ་བ་ཞིག་རེད།

དེ་ཡང་མཐོ་རིམ་སློབ་གསོའི་ངོས་ཐད་ནས་བལྟས་ན་དགེ་རྒན་གྱི་དཔུང་སྡེ་སྤམ་མཐུག་པ་ཞིག་ཆགས་རྒྱུ་ནི་སློབ་ཆེན་མ་ཟད་སློབ་འབྲིང་དང་སློབ་ཆུང་གང་གི་ཆ་ནས་བཤད་ནའང་སློབ་གྲྭ་གང་དེ་སྤྱི་ཚོགས་སྟེང་དུ་མིང་ཡོད་དོན་ཡོད་ཅིག་དང་།སློབ་མ་གང་དེ་ལས་གནས་ཁྲོད་དུ་མགོ་ཡོད་མཇུག་ཡོད་ཅིག་ཏུ་ཆགས་རྒྱུའི་སྔོན་འགྲོའི་ཆ་རྐྱེན་དང་རྩ་བའི་རྒྱུ་རྐྱེན་འབའ་ཞིག་དུ་ལོག་མོད།

འགྲན་རྩོད་དང་ཧབ་ཐོབ་ཀྱི་བྱང་རླུང་ངར་མས་མིའི་ཤེས་རྒྱུད་ཀྱི་འདོད་ཆགས་དང་རེ་དོགས་ཀྱི་རླབས་རྒྱུན་དྲན་ཏུ་བསྐྱོམས་པར་བྱེད་ཀྱིན་པའི་ལོ་ཟླ་ནག་པོ་འདིར།མཚན་སྨག་ཧྲིལ་གྱིས་འདེད་མཁན་གྱི་མར་མེའི་ཚོགས་ཀྱང་མུན་ནག་གི་རྔམས་ཁར་འཐམས་ཀྱིན་རླུང་བཞིན་ལངས་ཀྱིན་པས།རྒྱུ་འབྲས་བློ་མིག་མངའ་མཁན་དང་རྟོགས་འཇུག་གི་བསམ་བློ་ཡོད་མཁན་ཞིག་ཡིན་ཕྱིར་འདིར་ཅིས་ཀྱང་ནན་འཇོག་ཆེན་པོ་བྱེད་དགོས་པ་རེད།

 

                                   དང་པོ།    ཤ་ཚའི་ཕྱི་རོལ་དུ་འགྲེངས་པའི་དགེ་རྒན་དེ་ཚོ།

ལྔ་བརྒྱད་དང་རིག་གསར་གྱི་གསར་བརྗེའི་གོད་ཆག་བསྟུད་མར་ལངས་པས།རང་རེའི་དགེ་རྒན་དམ་པ་ཚོར་འཐབ་རྩོད་དང་དགག་རྒྱག་བྱས་པ་མ་ཟད་ཐ་ན་ས་གནས་མི་རིགས་རིང་ལུགས་ཀྱི་ཞྭ་མོའང་བསྐོན་མྱོང༌།ཧར་བོའི་གཟེར་ལངས་དང་ཚད་མཐོའི་བརྙས་སྨོད་ཀྱི་གཟའ་ཉི་མ་ནག་པོ་དག་རིམ་པར་རྒྱང་དུ་ཡལ་བ་དང་བསྟུན་ནས།འཇོན་མིར་གུས་པར་བྱ་བ་དང༌།ཤེས་བྱར་གུས་པར་བྱ་བའི་སྲིད་བྱུས་འོད་སྣང་ས་ཕྱོགས་ཀུན་ཏུ་སྤྲོས་ཏེ་དཀར་ཆ་དོད་པའི་འཇིག་རྟེན་ཞིག་མི་སེར་རེ་རེའི་སེམས་ངོས་སུ་བཀྲམ་སྟོན་བྱས།དུས་སྐབས་འདི་འདྲར་ཡིན་པ་ནི་ང་ཚོས་འདས་སོང་ལ་ཕྱིར་རྟོག་གིས་མ་འོངས་འཚོ་བར་སྐྱ་ཐིག་འགོད་རྒྱུ་དེ་རེད་མོད།སློབ་དཔོན་ཆེན་མོའི་མིང་བྱང་ཐོགས་འཁན་རེ་འགའ་ནི་དངོས་གནས་སྐུ་ཞབས་ནན་ཀྰོ་དང་རྣམ་ཤེས་ཀྱི་རང་གཟུགས་རེ་རེ་ལས་མ་འདས།ཕོ་གཞུང་ཐོག་དང་འདུག་ཁྲི་ཐོགརྒྱུག་ཁྲེ་ཐོག་གི་ལོངས་སྤྱོད་རིང་ལུགས་ཀྱི་འཚོ་བས་བརླམས་དྲགས་པས་ལས་ཀྱིས་བསྡུས་པའི་ཕ་ཡུལ་ཉེ་དུ་ཀུན།བཞག་སྟེ་རྒྱང་རིང་ཡུལ་དུ་ཡོང་བའི་མིག་ཟུང་རིག་རིག་དང་རིགས་ཤེས་ལྷེམ་ལྷེམ་བྱེད་ཀྱིན་པའི་སློབ་བུ་དག་ལ་ཞེ་ནས་ཐུགས་བསམ་བཞེས་ཀྱིན་མི་འདུག གདུང་སེམས་སྐྱེས་ཀྱིན་མི་འདུག

པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་མི་རིགས་ཀྱི་ལས་བྱེད་པར་མི་རིགས་རང་གི་བརྩེ་དུང་ཡོད་དགོས་པ་དང་དེ་མིན་ན་དེ་ལྟ་བུའི་མི་རིགས་ལས་བྱེད་པ་ཞིག་གིས་ཅི་ཞིག་བྱ་ཞེས་པའི་སྙིང་གཏམ་དྲོན་མོ་འདི་དག་ལ་རྨ་ཕབ་ཀྱིན་འདུགཆུར་བསྐུར་གྱིན་འདུགཐ་ན་གསོན་སྦས་ཀྱང་བྱེད་གྲབས་རེད།

སློབ་གསོ་ནི་མི་རིགས་ཤིག་ཡུན་གནས་ཡོང་བའི་མ་མཐའི་ཆ་རྐྱེན་དང་མི་རིགས་དེ་ཉིད་འཕེལ་རྒྱས་འགྲོ་བྱེད་ཀྱི་རྫས་རྒྱུན་གཙོ་བོ་ཡིན།རང་རེ་བས་དེ་ཉིད་གསེར་ལྟར་བོར་བའམ་ཐལ་ལྟར་དོར་སོང་བ་གང་ཡིན་མི་ཤེས་མོད།རྗེས་ལུས་ཞེས་པའི་ཐ་སྙད་སྡུག་པོ་འདི་ཐོད་ལ་ལྷུང་ཡོད་པ་སེམས་ཐེངས་རེ་རེར།མགོ་བོ་འདིར་ཙག་ཤད་འཕྲོ་རིམ་འཕྲོར་བརྒྱབ་ཡོང༌།དེ་ཡང་འདི་ལྟར་བསམ་བློ་གཏོང་བར་བྱ་སྟེ།འཇིག་རྟེན་གྱི་སློབ་གྲྭ་ཨང་དང་པོར་བརྩི་གྱིན་པའི་ཁྱིམ་ཚང་སློབ་གསོ་ནས་སློབ་ཆེན་སློབ་གསོའི་བར་དུ་ང་ཚོར་དུས་དང་རྣམ་ཀུན་ཏུ་ཤུགས་རྐྱེན་ཐེབས་ཀྱིན་པའི་དགེ་རྒན་ཚང་མ་དེང་རབས་སློབས་གསོ་གོ་མ་མྱོང་ལ།སྤུས་ཚད་སློབ་གསོའི་དྲི་མི་བྲོ་བ་དག་དག་ཡིན་ཕྱིར།དེས་ཁ་ཝུ་བ་དང་ཀླད་པ་ཏར་བ་བྱས་ཏེ་ཅི་ཙམ་འཆད་ཀྱང་མི་བུ་སྒལ་ཚུགས་ཅན་དང་མི་གཞི་རང་ཚུགས་ཅན་ཞིག་གསོ་སྐྱོང་བྱེད་ཐུབ་བམ།མི་ཤེས་རྒྱུ་མེད་དེ་རྟོག་བཅོས་ལས་རྟོག་མེད་བསམ་མཁན་ཞིགལག་པ་ལས་སེམས་པ་གཙོ་བོར་འཛིན་མཁན་ཞིགནང་དོན་ལས་ཕྱི་དོན་ལ་གཞོལ་མཁན་གྱི་མི་གཏི་ཐུག་ཅན་ཏག་ཏག་རེད་ཅེས་མིག་ཟུང་བཙུམ་ཏེ་སྨྲ་ཆོག་པའི་ཚོད་རེད།དེ་ཡང་རང་རེའི་རིག་གནས་ཀྱིས་མ་འཁྱོངས་པ་རེད།རིག་གནས་འདི་ཀ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་དགེ་རྒན་ཚོས་མ་ཅུང་བ་རེད།

སྤྱིར་སློབ་གསོ་ནི་བརྩེ་སེམས་ཀྱི་བྱ་འགུལ་ཞིག་དང་འཛུམ་མདངས་ཀྱི་སྒྱུ་རྩལ་ཞིག་རེད་ཅེས་པ་བཞིན་དགེ་རྒན་ཡིན་ན་ནི་རང་གི་སློབ་མ་དག་ལ་ཤ་ཆད་ཀྱི་བུ་ཕྲུག་དང་ཚེ་འགྲོགས་ཀྱི་དགའ་མའི་རྣམ་སྟངས་འཛིན་དགོས།སློབ་མ་སྐྱོང་རྒྱུར་དགའ་བ་ནི་སློབ་གསོ་སྤེལ་རྒྱུར་སྤྲོ་བ་རེད་ལ།སློབ་གསོ་སྤེལ་རྒྱུར་སྤྲོ་བས་མི་རིགས་འཕེལ་རྒྱས་ཡོང་བར་སྨོན་པ་ཤ་སྟག་གོདགེ་མིང་འཛིན་པ་ལ་ལ་ནི་ཨ་ཕའི་དཀར་ཡོལ་གཙང་མ་རེད་ཟེར་མཁན་ཞིག་དང་འདྲ་བོ་འདུགསློབ་ཆུང་ནས་ངས་དགེ་རྒན་ཚོས་སློབ་ཕྲུག་དག་རང་གི་ཤ་ཆད་ཀྱི་བུ་ཕྲུག་ལྟར་བརྩིས་ནས་གོན་པ་བཀྲུ་བ་དང་།ཤིག་འཐུ་བ་སོགས་ཤ་ཚ་བའི་ཕྱག་གིས་ཞིལ་ཞིལ་བྱེད་ཀྱིན་པ་མཐོང་།སློབ་འབྲིང་དུ་ངས་དགེ་རྒན་ཚོས་ནངས་སྔ་ལངས་དང་དགུང་འཕྱི་ཉལ་སྒོས་ས་སྨྱུག་གི་བརྡར་ཟད་ཁྲོད་སྐྲ་ལོར་དུང་མདོག་གི་དཀར་ཐིག་འབབ་ཀྱིན་པ་མཐོང་།སློབ་ཆེན་ནས་ངས་ཡོད་ཚད་སློབ་མའི་དོན་དུ་ཞེས་པའི་དར་ཆ་འཕྱར་ནས་རྒྱལ་བོའི་ཕོ་བྲང་དང་བཙུན་མོའི་གཟིམ་ཤག་ཏུ་གཤར་གྱིན་པའི་དགེ་རྒན་ཆེན་མོ་བ་དག་ལས་ཅི་ཡང་མཐོང་མ་སོང་བ་ཅི་རེད།སློབ་གསོའི་དམིགས་ཡུལ་ནི་མི་རེ་རེ་ཡར་འགྲེངས་དུ་འཇུག་རྒྱུ་དེ་རེད་ལ།དགེ་རྒན་གྱི་ལས་འགན་ནི་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་དེ་རེད།རང་རེའི་དགེ་རྒན་ཚོས་དཔེ་ཆའི་ངོས་ཀྱི་ཤེས་བྱ་རྙིད་པོ་དག་སློབ་མ་ཚོར་གན་རེད་དང་འདི་རེད་ཙམ་ཟེར་བ་ལས།སློབ་མ་འདི་སྤྱི་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱེད་དགོས་པ་མཁྱེན་ཡོད་ཚོད་མེད་ལ།ལག་ལེན་ནི་བདེན་དོན་ཞིབ་བཤེར་བྱེད་པའི་ཚད་གཞི་ཉག་ཅིག་ཡིན་པ་ཡང་གཏན་ནས་བརྗེད་འདུག

རྒྱུན་པར་མཐར་ཕྱིན་སློབ་མ་དག་རྐང་བ་བཞི་ཅན་གྱི་དཔེ་སྒྲོམ་དུ་དབང་བསྐུར་ནས་འཛིན་རྟགས་ཁོ་ན་ལས་ཅི་ཡང་རེག་ཐུབ་གིན་མེད་པའི་སྡུག་ངོ་དག་མཐོང་ཐེངས་རེ་རེར།དགེ་རྒན་ཆེན་མོ་བའི་ཐོབ་མིང་འཛིན་མཁན་དག་ལ་ཁོང་ཁྲོ་ལངས་ཡོང་ལ།གཉུག་གཤིས་ཀྱི་བྲན་བསྒྱུར་སློབ་གསོ་སྤེལ་སྤྱད་ཀྱི་དཔེ་ཆ་དག་ལ་འཚིག་པ་ཟ་ཡོང་།

 

                                     གཉིས་པ།    དགེ་བཀུར་སློབ་གཅེས།

སློབ་མས་དགེ་རྒན་ལ་གུས་པར་བྱ་བ་ནི་འཛིན་སྟངས་ལེགས་པོ་ཞིག་སྟེ་རང་ལ་གདམས་ངག་མནོ་མཁན་དང་།རང་ལ་ཤེས་བྱ་བསྒོ་མཁན་ཞིག་ཡིན་པའི་ཆ་ནས་བཀའ་དྲིན་ཤིན་ཏུ་ཆེ།འོན་ཀྱང་།ང་ཚོས་ཐུགས་བརྩེ་སྒོམ་ཚུལ་དང་དྲིན་ལན་བསམ་ཚུལ་དེ་རང་ཉིད་ཀྱི་སྒོ་ལྔའི་ཤེས་པ་དོར་བའི་གུས་བཀུར་ཞུ་ལུགས་ཤིག་ཡིན་ན་ནི་ཤིན་ཏུ་མི་འོས།རང་ཉིད་ཀྱི་བླ་སྲོག་ལ་མགོ་མ་བསྐོར་བའི་ངང་ནས།རང་ཉིད་ཀྱི་བསམ་བློ་བཙོན་འཇུག་མ་བྱས་པའི་སྒོ་ནས་ཚད་དང་ལྡན་པའི་གུས་བཀུར་ཞུ་ལུགས་ཤིག་དང་།དྲིན་གཟོ་བྱས་ཚུལ་ཞིག་ཡིན་ན་ནི་ཧ་ཅང་འགྲིགཨ་རིའི་སློབ་གསོའི་སྒྲིག་གཞིའི་ཁྲོད་དུ་སློབ་ཆེན་སློབ་མར་སློབ་ཁྲིད་བྱེད་སྟངས་ཏེ་དགེ་རྒན་ནི་འཆད་མཁན་ཁོ་ནའི་སར་འདུག་པ་དང་སློབ་མ་ཚོ་ཡང་ཉན་མཁན་ཁོ་ནའི་སར་སྡོད་པའི་སྤྱི་འགྲོས་རང་བཞིན་ཅན་དང་གཏན་ཚིགས་རང་བཞིན་ཅན་གྱི་རྣམ་པ་དེ་འདྲ་མ་ཡིན་པར།མཉམ་འདྲེས་སློབ་གསོར(互动性教学)མཐོང་ཆེན་སྒོས།རང་རྐྱ་འཕེར་བ་དང་གསར་གཏོད་ཀྱི་རང་བཞིན་ལྡན་པའི་བསམ་གཞིག་གཏོང་སྟངས་ལ་གཙིག་ཆེན་བྱས་པ་རེད།དེ་ཡང་སློབ་དང་ཁྲིད་གཉིས་ཀྱི་ཧེ་བག་ལ་འགྱུར་ལྡོག་བཟོས་པ་སྟེ།དགེ་རྒན་འདུལ་བྱེད་དང་ཁྲིད་མཁན།སློབ་མ་གདུལ་བྱ་དང་སློབ་མཁན་ཡིན་པའི་གཏན་ཚིགས་སིལ་བུར་གཏོར་ནས་སློབ་ཁྲིད་ཅེ་ན་བགྲོ་གླེང་གི་རྣམ་པ་ཞིགརྒྱུས་ལོན་གྱི་གོ་རིམ་ཞིག་ཏུ་ཆགས་ཡོད།རང་རེ་ལ་ནི་དེ་ལྟར་མིན་པར་འདུ་ཤེས་འཛིན་སྟངས་དྲུག་གི་རྣམ་བཞག་ཡོད་པས་ཁྲིད་སྟེགས་སྟེང་ན་འཆད་པ་ཁོ་ནའི་བརྟུལ་ཞུགས་འཛིན་མཁན་ནི་དགེ་རྒན་ཡིན་ལ།ཁྲིད་སྟེགས་འགབ་ན་དད་པ་དག་སྣང་གིས་ཉན་འདུག་མཁན་དེ་ནི་དུས་ནམ་ཡང་སློབ་མ་ཡིན་པ་རེད།དབང་འབོག་ལེན་བྱས་པ་ལྟ་བུའི་སློབ་ཁྲིད་བྱེད་སྟངས་དེས་ན་གཞོན་ཤེས་པ་ཅན་ཚོའི་རིག་སྒོ་བཀག་ནས་ཡོད།སྐྱེན་འགྱུར་གྱི་བློ་གྲོས་ལ་དུས་གཏན་ཏུ་འབུར་འཇོམས་བྱེད་ཀྱིན་པས།སློབ་ཆེན་སློབ་མ་ཚོར་སློབ་ཁང་ཞེ་ན་བཙོན་རྭ་ཞིག་དང་།དཔེ་དེབ་ཅེ་ན་ཁུར་བོ་ཞིག་ཏུ་འདོད་པའི་སེམས་བྱུང་འབྱུང་གིན་པ་ཡང་ཁག་མེད་པར་སྙམ།

ཚད་གཞི་མཐོ་ས་ཞིག་ནས་བཤད་ན།སློབ་ཆེན་སློབ་མ་ནི་སློབ་གསོའི་སྒྲིག་གཞིའི་མ་ལག་ཁྲོད་ཀྱི་མཐོ་རིམ་མི་སྣ་རེད།སྒེར་གཤིས་ཁྱད་མཚར་དང་དགའ་ཕྱོགས་ཐུན་མིན་ཞིག་ལ་འཚོལ་སྙེག་བྱེད་གིན་པས།མི་སུ་ཡིན་ཡང་རུ་དཔུང་དེར་ཅིས་ཀྱང་དང་དོད་བྱེད་དགོས་པ་རེད།ལྷག་པར་དུ་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་ཕན་ཚུན་ལ་དགའ་ཞེན་དང་བརྩི་བཀུར་བྱེད་དགོས།བཀུར་སྟངས་དེ་ཡང་ཡང་དག་པ་ཞིག་དང་སྨོན་པ་གཏོད་ས་ཞིག་མ་ཡིན་པར།མིའི་བག་ཉལ་འདུ་ཤེས་སྟེང་གི་མཛེས་པ་བླ་ལྷག་ཅིག་ཡིན།དགེ་སློབ་གཉིས་བར་གྱི་འབྲེལ་བ་ནི་ཤིན་ཏུ་ནས་གལ་ཆེ་བ་ཞིག་སྟེ་ཨེ་མའོ་ཧྲིན་གྱིས་སློབ་གསོར་རྒྱལ་ཁ་ཐོབ་པའི་གདམས་ངག་ནི་སློབ་མར་བརྩི་འཇོག་བྱེད་རྒྱུ་དེ་རེད་ཅེས་གསུང་གནང་ཡོད་འདུག

དགེ་རྒན་ལ་ལ་ནི་ཁེ་གྲགས་གཉིས་ཀས་ཡོངས་སུ་བཟི་འདུག་པས་སློབ་མའི་ཁྲོད་དུ་ཟབ་ཞུགས་བྱེད་རྒྱུར་མི་སྤྲོ་བར།རྒྱུན་པར་དཔོན་ཉམས་དོད་པོས་སློབ་མ་ཚོར་མིག་ཟུར་གྱིས་ལྟ་ཙམ་ལྟ་ཙམ་ལས་མི་བྱེད་པ་ཞིག་ཏུ་ཆགས་འདུགསློབ་རྭའི་གྲུ་ཟུར་གང་རུང་ནས་ཐུག་འཕྲད་བྱུང་བའི་དབང་དུ་བཏང་ན་ཡང་།དགེ་རྒན་བདེ་མོ་ཞེས་པའི་མཚམས་འདྲི་ཡག་པོ་རེ་བྱས་ན་ཡང་།ཅི་མི་སྙམ་པའི་སྒོ་ནས་ཤུར་སེར་འགྲོ་ཚུལ་ལ་གཞིག་ན།རང་ཁ་གསེར་གྱི་སྒོ་མོ་ལས་འོད་འཚེར་དུང་གི་སོ་འཕྲེང་ལྷུང་བར་དོགས་པ་ཡིན་ནམ་སྙམ་པའི་དོགས་པ་དང་ཐེ་ཚོམ་སྦྱིན་ཡོང་།

ང་ཚོས་རྒྱུན་པར་དགེ་རྒན་ནི་མར་མེ་དང་སློབ་མ་ནི་སྨག་རུམ་གྱི་དཔེ་རུ་འཇོག་པའི་སྲོལ་ལུགས་ཤིག་གྲུབ་འདུགདེ་ནི་ནོར་འཁྲུལ་ཚབས་ཆེན་ཞིག་རེད།དེ་ལས་ང་ཚོས་ཤེས་ཡོང་བ་ནི་སློབ་མ་རང་ཉིད་ཀྱི་ཤེས་ནུས་དང་རིག་སྟོབས་ལ་ཞལ་བ་བྱས་འདུག་པའི་སྣང་ཚུལ་སྐྱོ་ལྷང་ལྷང་ཞིག་མཐོང་ཡོང་།དེ་འདྲ་ཡིན་ཙང་དགེ་རྒན་དེ་ཉིད“སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན”ཞིག་ཏུ་རྟོག་པས་བཏགས་ཚར་བ་རེད།དཔེར་ན་སློབ་ཁྲིད་ཅིག་གི་སྟེང་དུ་སློབ་གྲོགས་ག་གེ་མོ་ཞིག་གཉིད་སོང་བའི་དབང་དུ་བཏང་ན།དགེ་རྒན་གྱིས་ཚོར་རྗེས“དུད་འགྲོ་ཁྱོད འདིར་གཉིད་དུ་ཡོང་བ་ཡིན་ནམ།སློབ་ཁྲིད་ཉན་མི་འདོད་ན་སྒོར་སོང”ཞེས་བཙན་དྲགས་ཆེན་པོས་གཤེ་གཤེ་དང་སྡིགས་དམོད་གཏོང་སྲིད་པ་རེད།སློབ་མ་དེ་ཉིད་ཀྱིས་ཀྱང་རང་སེམས་ལ་ཁག་འགེལ་བཞིན་འགྱོད་ཚིག་རི་འདྲ་བ་སྤུངས་ནས་མགོ་བོ་དང་ཁར་སྨད་དེ་སྡོད་སྲིད་པ་ལས།དགེ་རྒན་ལ་གནས་ལུགས་ཨེན་ཙམ་ཤོད་པའི་སྙིང་སྟོབས་ཡོད་མི་སྲིད་ལ།ལེ་འདེད་བྱས་རྒྱུ་ནི་ཕར་ཞོགགལ་ཏེ་གོང་གི་དགེ་རྒན་དེ་ནུབ་གླིང་སློབ་གསོའི་འགྲོ་ལུགས་རྒྱུད་དུ་མངའ་བ་ཞིག་ཡིན་ན་ནི་མྱུར་མོར་ཁྲིད་སྟེགས་ལས་མར་བབས་ཏེ་གུས་ལུགས་དང་ལྡན་པའི་སྒོ་ནས“ཐུགས་རྒྱལ་མ་བཞེངས།ངས་ཁྲིད་པ་འགྲིག་མ་སོང་བ་ཨེ་རེད།ཁྱོད་ལ་བསམ་འཆར་གང་ཡོད་ན་ཤོད་རོགས”ཞེས་དོགས་པ་རང་ལ་བསླངས་ཏེ་སློབ་མའི་བསམ་འཆར་ལ་ཉན་པ་ལས།གོང་ལྟར་སྐད་འདྲག་ཆེན་པོས་གཤེ་གཤེ་མི་གཏོང་ལ།སྒེར་གཅོད་ཆེན་པོས་སྒོར་སོང་ཟེར་མི་སྲིད་པ་རེད།འདི་ཁོ་ནའི་སྟེང་ནས་ཀྱང་ང་ཚོས་རང་རེའི་དགེ་རྒན་དམ་པ་ཚོར་ཐེལ་ཀ་གང་རུང་རྒྱག་ཆོག་ལ།ཁོ་ཚོའི་སློབ་གསོས་མི་སྐྱོང་གི་བྱ་བའི་ལས་རིམ་ཁྲོད་དུ་སེར་ག་མང་དུ་འདུག་པ་ཡང་མཐོང་ཡོང་གི་རེད།

 

                                    གསུམ།           བག་ཚ་བའི་བྲན་བསྒྱུར་སློབ་གསོ།

སློབ་ཆེན་དགེ་རྒན་རེ་རེར་རང་ཉིད་ལག་ཞོགས་སའི་ཆེད་ལས་རེ་ཡོད་པ་ཇི་བཞིན།ཆེད་ལས་དེར་བསྟུན་གྱི་དཔེ་ཆ་རེ་ཡང་ཁོ་ཚོས“བརྩམས”ཡོད་པ་རེད།དེ་ཉིད་ཁོ་ཚོར་མཚོན་ན་རང་ཉིད་དགེ་རྒན་ཆེན་མོ་ཞེས་པའི་ཁྲི་འཕང་དེར་འཛེགས་བྱེད་ཀྱི་ཐེམ་སྐས་ཡིན་པ་རེད་ལ།གཞུང་གིས་གནང་བའི་ཅ་ནེ་དེ་གར་རང་ས་ནས་གསེར་གྱི་ཁ་རྒྱན་རེ་བཏབ་པ་ཡང་རེད།དོན་གྱིས་བཤད་ན་བརྩམས་ཞེས་པ་དེའི་ལྟག་རྒྱབ་ན་མཁས་པ་གཞན་པ་དག་གི་དཔེ་ངོས་ལས་བཙལ་དུ་རྙེད་རྒྱུ་ཡོད་པའི་ཐ་སྙད་དང་ཚིག་དུམ་མང་དུ་རིག་རྒྱུ་ཡོད་པ་རེད།དོན་ངོ་མར་བཤད་ན།ཐོབ་མིང་དེ་རེག་ཕྱིར་གན་ནས་འཐུས།འདི་ནས་བཏོག་པའི་ཡང་འགྲེལ་དང་བསྐྱར་བཤད་ཙམ་དུ་སོང་བ་ལས།དེར་བླ་སྲོག་བཟོ་བཀོད་ཀྱི་ལག་ལེན་དང་གསར་གཏོད་སྤུ་ཙམ་ཡང་མེད།འདི་ནི་སློབ་ཆེན་སློབ་མ་ཚོ་སྤྱི་ཚོགས་ཀྱི་ལག་ལེན་སྟེང་ཞུགས་དུས་སྒོ་འགྲམ་གྱི་འགྲུལ་བ་གཏོལ་མེད་ཏག་ཏག་ཏུ་གྱུར་བའི་རྒྱུ་ཡིན་ལ།སྒེར་ཚུགས་ཀྱི་ལྟ་བ་དང་བསམ་བློ།མི་གཞིའི་སྙིབ་སྟོབས་སོགས་བག་ལ་ཞ་བར་གྱུར་བའི་རྐྱེན་འབའ་ཞིག་ལགས།

ད་དུང་དེ་ལས་ཀྱང་སྐྱུག་བྲོ་བའི་བྱ་སྤྱོད་གཞན་ཞིག་མཐོང་རྒྱུ་ཡོད་པ་ནི།རང་གིས་བརྩམས་པར་གྲགས་པའི་དཔེ་དེབ་དེ་སློབ་དེབ་དུ་བསྒྱུར་ཅི་ཐུབ་བྱེད་ཀྱིན་པ་དེ་རེད།གལ་ཏེ་དཔེ་དེབ་དུ་བསྒྱུར་ཐུབ་སོང་ན།རང་ལ་ཁྲིད་གཞི་ཞིག་ཡོད་སོང་བ་རེད་ལ་དཔེ་ཆ་མང་པོར་དཔེ་ལྟོས་བྱེད་པའི་ངལ་བ་དེ་ཡང་རྒྱབ་ཏུ་གཡུགས་ཆོག་པས་རེད།སློབ་ཆེན་ནས་དགེ་རྒན་མང་ཆེ་བས།རང་ཉིད་ཀྱིས་བརྩམས་པའི་དཔེ་དེབ་དེ་སློབ་དེབ་དུ་བསྒྱུར་ནས་རིན་གོང་མཐོན་པོར་བཅད་དེ།སློབ་མ་དག་ལ་བླུ་རུ་འཇུག་གིན་ཡོད།དེ་ལྟར་ན་ཁོས་ཚོང་ལམ་ཞིག་རྙེད་སོང་བ་རེད་ལ།ནམ་རྒྱུན་སློབ་མའི་ཁ་གྲངས་མང་དུ་འཕེལ་བར་རེ་ལྟོས་ཀྱི་མིག་ཟུང་བགྲད་ནས་བསྡད་ཆོག་པ་རེད།སློབ་བུ་དག་གིས།སློབ་དེབ་དེ་དག་ཉོ་ན་ཉོ་དགོས་ལ།མི་ཉོ་ན་ཡང་ཉོ་དགོས།ཅིའི་ཕྱིར་བྱས་ན།སློབ་མགོ་ཚུགས་པ་ནས་དགེ་རྒན་དག་གིས་སློབ་དེབ་དེར་རིན་གོང་བཅད་ནས་སློབ་མ་ཚོའི་སློབ་ཡོན་དུ་བརྩིས་ནས་ཡོད་ལ།སློབ་མ་ཚོས་སློབ་དེ་ག་ལག་ཏུ་ལེན་དུས་དེབ་ཡོན་ནི་སྔ་མོ་ནས་སྤྲད་ཚར་ཡོད་པ་རེད།དེའི་ངོས་ཐད་ནས་ཁོ་ཚོར་གདམ་ཀ་བྱས་པའི་དབང་ཆ་ཡོད་པ་མ་རེད།ནམ་རྒྱུན་སློབ་ཁྲིད་བེད་དུས་ཀྱང་དཔེ་ཆ་འདི་ལྟ་བུ་ཡིན་ན་སོགས་ཀྱིས་མཚོན་པའི་སྐད་ཆ་རྫིག་པོ་རེ་ལབ་ཡོང་ལ།དཔེ་དེབ་དེ་གའི་ལྟག་རྒྱབ་ཏུ་འགྲེངས་ནས་ཡིན་མདོག་ཁ་བོ་སྟོན་རྒྱུར་དགའ་བ་རེད།གལ་ཏེ་རིག་པ་རྣོ་བའི་སློབ་གྲོགས་རེ་འགས་དཔེ་ཆ་གཞན་པ་ནས་ལྟ་ཚུལ་ཕྱུངས་ཏེ་དགེ་རྒན་དང་ཁ་གཏད་མཇལ་དུས།སྒེར་གཅོད་དང་གཡོ་ཟོལ་ལ་མཁས་པའི་དགེ་རྒན་རེ་འགས“ཧིནཁྱོད་དེ་འདྲ་ངར་བ་ཡིན་ན།སློབ་གྲྭ་འདིར་ཡོང་ནས་ཅི་བྱེད།དཔེ་ཆ་འདིར་བཤད་ཀྱིན་པ་མ་ཡིན་ནམ།”དེར་བལྟ་རུ་སོང་ཞེས།འདྲག་སྐད་ཆེན་པོས་སློབ་མ་ཚོའི་བློ་རིག་རྣོན་པོར་རྨ་ཁ་ཕབ་ཡོང་ལ།དོགས་སློང་གི་སྙིང་སྟོབས་ངར་མང་སྒེར་གཅོད་ཆེན་པོས་སྲབ་མཐུར་བསྐོན་ཡོང་བ་རེད།

གོང་ལས་ཀྱང་ཚབས་ཆེན་པོར་གནས་པའི་གནད་དོན་གཅིག་ནི་ཁོ་པ་དག་གི་བསམ་ཚོད་ལ།སློབ་དེབ་གང་དེ“ཚེ་ནོམ”དུ་བརྩི་བའི་བསམ་བློ་དེ་རེད།འདི་འདྲའི་སྣང་ཚུལ་ནི་ང་ཚོས་ཐག་ཉེའི་དགེ་རྒན་དག་ལ་མིག་བཤེར་བརྒྱབ་པས་ཀྱང་གང་འདོད་འདོད་དུ་རིག་ཡོང་།མིའི་ཤེས་སྟོབས་ཀྱི་འཕེལ་འགྱུར་དང་བསྟུན་ནས་བྱ་དངོས་གསར་བའི་ཁ་གྲངས་ཀྱང་ཇེ་མང་ནས་ཇེ་རྒྱས་སུ་འགྲོ་ཡི་ཡོད་མོད།དེར་བསྟུན་པའི་ལྟ་བ་གསར་བ་དང་རིང་ལུགས་གསར་བ།གཞུང་ལུགས་གསར་བའི་ལྟ་གྲུབ་ཀྱང་གོད་མའི་ཆུ་བཞིན་རྒྱས་ཡོང་བཞིན་ཡོད་མོད།ཁོ་ཚོས་ནི་དེ་དག་མ་མཐོང་བའི་སྣང་ཚུལ་གང་རུང་ཞིག་གིས་ན་ནིང་གི་རི་བོང་ཉལ་སར་ད་ལོར་ཀྱང་རི་བོང་ཉལ་ཡོད་ངེས་སྙམ་གྱིན་ཡོད་ལ།ད་ལོའི་སློབ་མ་དག་ལ་ཁྲིད་གཞི་འདི་གས་ཆོག་པ་ཡིན་ན།སང་ལོ་ཀྱང་ཁྲིད་གཞི་འདི་ག་བཀོལ་ན་མི་ཆོག་རྒྱུ་མེད་སྙམ་གྱིན་ཡོད་ངེས།དོན་ངོ་མར་བཤད་ན།ཁོ་ཚོ་ནི་དོན་གྱི་ན་གཞོན་ཚོའི་འདྲེ་སྲིན་གདོན་བགེགས་རེད་ལ།དུས་ནམ་ཡང་རབས་གསར་བའི་ན་གཞོན་གྱི་དཔུང་སྡེ་ཞིག་བྱུང་རྒྱུ་མེད་པ་ལ་ཆུ་མགོ་ནས་རྙོག་མཁན་ཡང་འདི་དག་ཡིན་པ་རེད།དེ་འདྲ་ཡིན་ཙང་བོད་ཀྱི་སློབ་གྲྭ་ཆེན་མོ་བ་དག་ད་དུང་ཡང་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་བའི་གསར་གཏོད་གྱི་སྙིང་སྟོབས་ཀྱིས་ཕྱུག་པའི་གཞོན་ནུ་ཟེར་རྒྱུར་སྤྲོ་བ་རེད་ལ།དགེ་རྒན་ལ་གུས་པར་བྱ་བ་དང་བཀའ་དྲིན་རྗེས་སུ་དྲན་རྒྱུར་ཞེ་དྲགས་དགའ་བོ་འདུག་པ་རེད།དུས་དང་མཐུན་པའི་སྐབས་བབས་ཐོགདེ་དང་མཐུན་པའི་སྐད་ཆ་ཡོད་ལ།རབས་མི་འདྲ་བའི་མི་དག་ལ་ཅིས་ཀྱང་ལུགས་མི་འདྲ་བའི་བསམ་བློའི་རྒྱགས་ཕྱེ་མཁོ་ངེས་པས།ཁོ་ཚོ་ལྟ་བུའི་བསམ་གཞིག་སོ་གནས་ཀྱི་མི་དག་ལ་ང་ཚོས་དུས་ནམ་ཡང་ན་གཞོན་གྱི་ངར་ཤུགས་དང་ན་གཞོན་ཚོའི་རིགས་སྟོབས།དཔྱོད་ཤེས་ཀྱིས་བཟུང་བའི་གྱེན་ལོག་སྙིང་སྟོབས་ཀྱིས་ཁོ་པ་ཚོའི་གཏི་ཐུག་དང་།རྗེས་ལུས།བླུན་རྨོངས་ཀྱི་ལྕགས་སྒྲོག་སིལ་བུར་གཏོར་དགོས་པ་རེད།

  • ལེ་ཚན་སྔོན་མ།:ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ།
  • ལེ་ཚན་རྗེས་མ།:སློབ་གསོ་ནི་རྗེས་ལུས་ཀྱི་ཞྭ་མོ་འདོར་བྱེད་ཡིན།
  • དོ་སྣང་ཆེ་བའི་རྩོམ།