རི་རྫོང་དཔོན་ཁང་།

        2016-07-12

རི་རྫོང་དཔོན་ཁང་།

རི་རྫོང་དཔོན་ནི་གནའ་སྔ་མོ་ཤ་འུ་གཤིས་པའི་དཔོན་ཡིན་ལ། མི་ཉག་ལྕགས་ལ་རྒྱལ་པོའི་བློན་པོ་ཞིག་ཀྱང་ཡིན་པར་ཐོས། ཁང་ཤུལ་ནི་ད་ལྟའི་ཀ་བཞི་དགོན་པའི་རྒྱབ་ཕྱོགས་ཀྱི་ལུང་པ་ཡུལ་སྐད་དུ་རི་ཙོ་ཁོག་ཟེར་བའི་ས་དེར་ཡོད། རི་རྫོང་དཔོན་ཟེར་དོན་ནི་ཁང་པའི་མདུན་ངོས་ན་རི་ཏིལ་འབུར་དབྱིབས་མཛེས་པ་ཞིག་གི་མགོར་སོ་པ་སྡོད་སའི་རྫོང་མཁར་ཞིག་རོ་ཞིག་ཡོད་པས་ཐོགས་པར་རྒན་པོ་དག་གི་ངག་རྒྱུན་ལས་ཐོས། སྤྱི་ལོ༡༩༥༩བར་དུ་ཁང་ཤུལ་གྱི་རྩིག་རོ་རྒྱ་ཆེ་ཞིང་། མཁར་གྲུ་བཞི་མཐོན་པོ་ཞིག་ཀྱང་ཡོད། ད་ལྟའི་དགོན་པ་འདི་ཕ་རི་ནས་ཚུར་སྤོ་སྐབས། ཡུལ་དགོན་གཉིས་ཀྱི་དཔོན་རི་རྫོང་དཔོན་ཆོས་སྐྱོང་བློ་གསལ་ཟེར་བ་ཡིན་ལ། དེའི་སྤུན་ལྷ་སའི་རྩེ་རྣམ་རྒྱལ་གྲྭ་ཚང་གི་གོ་གནས་ཡོད་པའི་སྐུ་ཞབས་དབང་ལྡན་ཟེར་བ་སྤུན་མཆེད་གཉིས་ཡོད་ཅིང་། སྐུ་ཞབས་དབང་ལྡན་ཟེར་བ་དེ་ལ་རིགས་རྒྱུད་གཡུ་མཚོ་སྐྱིད་ཅེས་པའི་བུ་མོ་གཅིག་ལས་མེད། དེ་ལའང་རིགས་རྒྱུད་མེད་པས་ད་ལྟ་ཤ་འུ་གཤིས་ན་རི་རྫོང་དཔོན་གྱི་རྒྱུད་པ་མེད། འོན་ཀྱང་སྨུག་རོང་ན་དེའི་ཁྱིམ་རྒྱུད་ཡོད་པར་ཐོས་སོ།། སྔར་རི་རྫོང་དཔོན་ཁང་མར་ཟུར་ན་ལྕང་རྒན་ཞིག་གི་རྩ་བར་རྡོ་རིང་རྒྱ་ཡིག་ཅན་ཞིག་ཡོད་ཀྱང་ཉེ་བའི་ཆར་མེད་པར་གྱུར་འདུག    ད་ལྟ་རྡོ་རྣམས་མི་སེར་རྣམས་ཀྱིས་ཁྱེར་བས་རྩིག་ཤུལ་དང་མཁར་ཕྱེད་ཙམ་ལས་ལུས་མེད་དོ།། 
༼ ཉན་ཤུལ་འཇམ་དབྱངས་གྲགས་པའི་གསུང་རྩོམ་ལས་དྲངས། ༽

  • ལེ་ཚན་སྔོན་མ།:རྒྱལ་བ་རིན་པོ་ཆེའི་གཟིམ་ཆུང་བདེ་ལྡན་གླིང་།
  • ལེ་ཚན་རྗེས་མ།:ཝ་རི་མཁར།