རྒྱལ་བ་རིན་པོ་ཆེའི་གཟིམ་ཆུང་བདེ་ལྡན་གླིང་།

མགར་ཐར་བཀྲ་ཤིས་ཆོས་ལྡན།        2016-07-12

རྒྱལ་བ་རིན་པོ་ཆེའི་གཟིམ་ཆུང་བདེ་ལྡན་གླིང་།

  དེ་ཡང་ཁམས་ཡུལ་གསེར་ལྡན་འཛིན་མའི་ལྟེ་བར་ལྷུན་གྱིས་ཆགས་ཤིང་གནའ་བོའི་ལོ་རྒྱུས་ཀྱི་གན་མཛོད་ཆེན་མོ་མགར་ཐར་བྱམས་པ་གླིང་གི་རྟེན་གྱི་སྙིང་པོར་གྱུར་པ།  རྒྱལ་བའི་གཟིམ་ཆུང་བདེ་ལྡན་གླིང་ཞེས་པ་འདི་ནི་གངས་ཅན་ཁ་བ་རི་པ་སྤྱི་དང་།  སྒོས་སུ་ཁམས་མི་ཉག་མགར་ཐར་ཡུལ་གྱི་དད་ལྡན་མི་དམངས་རྣམ་པའི་ནང་སེམས་ཀྱི་དད་པའི་ཕྱག་འབུལ་ཡུལ་དང་།  ཕྱི་ལུས་ཀྱི་མཆོད་སྐོར་གནང་ཡུལ་གྱི་གནས་ཆེན་ཕུན་སུམ་ཚོགས་པ་ཞིག་གོ།ཉེ་བའི་ཆར་རྒྱང་རིང་གི་འགྲུལ་པ་མང་པོས་མི་ཡུལ་གྱི་དག་ཞིང་གསོན་པོ་ཞེས་དངོས་སུ་བརྗོད་བཞིན་པའི་གནས་མཆོག་འདིར།  ཡིད་གར་འོང་བའི་གདོད་མའི་རང་བྱུང་གི་མཛེས་བཀོད་སྟོང་ཕྲག་དུ་མས་བར་ཏུ་བརྒྱན་ཡོད་པ་སྟེ།  རྒྱལ་བའི་གཟིམ་ཆུང་བདེ་ལྡན་གླིང་གི་གཡས་ཕྱོགས་སུ་མཚར་སྡུག་མངོན་པར་བཀྲ་བའི་ས་འཛིན་དག་ལ་འཕགས་པ་གནས་བརྟན་བཅུ་དྲུག་གི་སྐུ་དབྱིབས་མཚོན་པའི་གདོད་མའི་རང་བྱུང་གི་རྣམ་པ་མང་པོ་རབ་ཏུ་གསལ་ཡོད།  མདུན་ཕྱོགས་སུ་ལྷུན་གྱིས་ཆགས་པའི་རི་བོ་དག་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་མངོན་པར་མཛེས་ཡོད་པར་གྲགས།  དེའི་ཤར་ལྷོ་མཚམས་སུ་སྙན་པའི་གྲགས་པ་སྲིད་པའི་ཁོངས་ལས་བརྒལ་ཞིང་མཛེས་ཤིང་བལྟ་བས་ཆོག་མི་ཤེས་པའི་ཤར་སྟོད་བཞག་བྲ་དཀར་པོའི་གཟི་འོད་རབ་ཏུ་འབར་ཡོད།  རྒྱབ་ཕྱོགས་སུ་གླང་པོ་ཆེའི་སྣ་ཞགས་བརྐྱངས་པ་དང་ཀུན་ནས་མཐུན་པའི་རི་ཡི་འདབས་རོལ་ན།  ངོ་མཚར་བསོད་ནམས་སྟོང་གིས་ཡོངས་སུ་ཁེབས་པའི་གནས་ཁྱད་པར་ཅན་མན་ཆོད་དཀོན་བརྩེགས་གཤིས་གྲོང་གི་མཐིལ་ན་འགྲོ་ཀུན་དད་པའི་མིག་གི་བདུད་རྩི་གཟིམ་ཆུང་བདེ་ལྡན་གླིང་ཆགས་ཡོད།དེ་ཡང་སྤྱི་ལོ༡༨༣༨ལོར༧རྒྱལ་དབང་ངག་དབང་སྐལ་བཟང་བསྟན་པའི་སྒྲོན་མེ་མཁས་གྲུབ་རྒྱ་མཚོ་དཔལ་བཟང་པོ་མཆོག་མཚན་དཔེའི་ལང་ཚོ་མངོན་པར་འཛུམ་སྐབས་ཀྱི་གཟིམ་ཤག་ཆུང་ཆུང་དེ་ཉིད་ཕྱིས་སུ་ཅུང་ཟད་རྒྱ་བསྐྱེད་བཏང་སྟེ་གཟིམ་ཆུང་བདེ་ལྡན་གླིང་ཞེས་མཚན་གསོལ་བ་ཞིག་ཏུ་སྣང་།  རྒྱལ་དབང་མཆོག་སྐུ་བལྟམས་སྐབས་སྐུ་དངོས་བཞུགས་ཡུལ་གྱི་ཤིང་ཁྲི་ཆུང་བ་ཞིག་ཡོད་པ་དེ།   རྗེས་ནས་བཞུགས་ཁྲི་གསར་པའི་གཟུངས་གཞུག་གི་ཚབ་དང་ཕོ་བྲང་འདིའི་རྟེན་གྱི་གཙོ་བོར་གྱུར་ཡོད།       གཟིམ་ཆུང་འདིའི་རྟེན་གྱི་དམ་པ་སྟེ་རྡོ་ནག་ལེབ་མོའི་སྟེང་དུ་རྡོ་དཀར་གྱི་མ་ཎི་ཡིག་དྲུག་གི་རི་མོ་དང་།  ཡང་རྡོ་སིལ་གྲུ་བཞི་ཆུང་ངུ་ཞིག་ཏུ་ཨ་ཡིག་རང་བྱུང་གིས་དོད་ཡོད་པ་དག་ནི་དད་མོས་ཡོད་མེད་ཀྱི་འཛམ་གླིང་གི་ཤེས་ལྡན་སྐྱེ་བོ་སུས་ཀྱང་ཡིད་སྨོན་འཆོར་འོང་བ་ཞིག་དང་། ཚན་རིག་པས་ཀྱང་འགྲེལ་བཤད་གནང་ཁག་པོ་ཞིག་ཏུ་མཆིས།  གཟིམ་ཆུང་གི་སྒོ་འགྲམ་དུ་ངོ་མཚར་བའི་རྡོ་རིང་ཆེན་པོ་ཞིག་ཡོད་པ་དེར།  གནས་འདིར་འབྱོར་བའི་རྒྱ་བོད་སོག་གསུམ་གྱི་མཇལ་སྐོར་བ་གཙོ་པས་སྐྱེ་བོ་སོ་སོའི་སྣང་ངོར་རྣམ་པ་མི་འདྲ་བའི་ལྷ་སྐུ་དང་བླ་སྐུ།  མཆོད་རྟེན་དང་གཟུགས་རིས་སྣ་ཚོགས་དད་པའི་མིག་གི་མཛེས་རྒྱན་དུ་གྲུབ་ཡོད།  ཡུལ་མི་རྒན་པ་ཚོས་བཤད་པ་ལྟར་ན་ངོ་མཚར་སྟོང་གིས་ཕྱུག་པའི་རང་བྱུང་མ་ཎི་འདི་དང་། མགར་ཐར་བྱམས་པ་གླིང་དུ་བཞུགས་པའི་པད་མ་འདབ་བརྒྱད་རང་གྲུབ་གཉིས་ཀྱིས་ཡུལ་འདིར་འཁྲུངས་པའི་རྒྱལ་དབང་རིན་པོ་ཆེ་འདི་ཉིད་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་པར་མཚོན་ཐུབ་པར་མ་ཟད་ངག་རྒྱུན་དུ་རྒྱལ་དབང་མཆོག་སྐུ་ན་གཞོན་དུས་ཐེངས་ཤིག་ཡུལ་འདིའི་བྱིས་པ་དག་དང་ལྷན་དུ་རྩེད་མོའི་མཛད་པར་རོལ་སྐབས་བྱིས་པ་ཚོས་ཁོང་ལ་ཕྱག་མང་པོ་ཡོད་པ་དངོས་སུ་མཐོང་མྱོང་བས་ཁོང་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དངོས་ཡིན་པར་མངོན།  གཟིམ་ཆུང་གི་རྒྱབ་རོལ་དུ་ཤུག་པའི་སྡོང་པོ་ཞིག་ཡོད་པ་དེ་ནི་སྤྱི་ལོ༡༨༣༨ལོའི་ཧོར་ཟླ་དགུ་པའི་ཚེས་གཅིག་ལ་རྒྱལ་དབང་མཆོག་ངོ་མཚར་ལྟས་དང་བཅས་འཁྲུངས་སྐབས།  མཐུ་དང་དངོས་གྲུབ་མྱུར་བའི་མགར་ཐར་གྱི་ཡུལ་ལྷ་རྫོང་རྒོད་དགྲ་ལྷའི་རྒྱལ་པོས་འབྲོག་པ་རྒན་པོ་ཞིག་ཏུ་སྤྲུལ་ནས་ཞོ་འོ་མར་གསུམ་ཁྱེར་ཡོང་སྐབས་བཞོན་གཡག་འདོགས་ས་ཡིན་པར་ཡོངས་སུ་གྲགས། གཟིམ་ཆུང་གི་ཤར་ཕྱོགས་སུ་རྒྱལ་དབང་རིན་པོ་ཆེ་མཆོག་ཡུམ་གྱི་ལྷུམས་སུ་བཞུགས་ཡོད་སྐབས། རྒྱལ་བའི་མ་ཡུམ་མཆོག་ཤིང་ཁུར་སོང་བའི་ལམ་ཁར་སྐོམ་ཆུ་འཐུང་སྐབས་ཆུ་མིག་དེ་མར་ཁུ་རུ་གྱུར་མྱོང་པས་དེང་སྐབས་མར་ཁུ་ཆུ་མིག་ཅེས་ཡུལ་མི་ཀུན་གྱིས་འབོད་སྲོལ་ཆགས། གཟིམ་ཆུང་གི་མདུན་ཕྱོགས་སུ་རྒྱལ་བ་རིན་པོ་ཆེ་སྐུ་ན་གཞོན་དུས་སུ་ཡུམ་དང་ལྷན་དུ་སྐུ་ཁྲུས་གནང་སར་ཕེབས་སྐབས་གློ་བུར་དུ་རྡོལ་བའི་ཆུ་ཕྲན་ཞིག་ཡོད་པ་དེར།  དེང་སྐབས་སྨན་ཆུ་སྔོན་མོ་ཞེས་ཡུལ་འདིའི་བཏུང་བའི་བཅུད་དུ་ཡོངས་སུ་བཞུར་གྱིན་ཡོད་པར་མ་ཟད་གནས་དེར་ནད་རིགས་སྤྱི་དང་ལྷག་པར་དུ་བད་ཀན་གྱི་ནད་ལ་མཆོག་ཏུ་བསྔགས་པའི་ཚྭ་དྲི་འཐུལ་བའི་གཏེར་ཆུ་ཞིག་ཀྱང་སྐྱེ་བོ་ཡོངས་ཀྱི་གསོས་སྨན་དུ་བཏོན་ཡོད། 

རྒྱལ་བ་རིན་པོ་ཆེའི་གཟིམ་ཆུང་བདེ་ལྡན་གླིང་།

  ད་དུང་སྨན་ཆུའི་ལུང་པར་ཡི་དམ་མཁའ་སྤྱོད་མའི་རྣམ་སྤྲུལ་གྲགས་པ་གྲུབ་ཐུབ་མ་འཆི་མེད་མཆོག་གིས་སྒོམ་སྒྲུབ་མཛད་ཡུལ་གྱི་བྲག་ཕུགས་ཤིག་མཇལ་རྒྱུ་ཡོད།  གཟིམ་ཆུང་གི་བྱང་ཤར་མཚམས་ཏེ་ཚོང་དཔོན་ནོར་བུ་བཟང་པོའི་དྲེལ་གྱི་རྨིག་པའི་རྗེས་ཡོད་པའི་རི་ཡི་མདུན་ཕྱོགས་དེར།  ཆུ་མིག་སྤུན་བདུན་ཡོད་ཀྱང་ཆུ་མིག་གཅིག་བསྐམས་པའི་ཤུལ་ཡོད་པའི་ཆུ་ཕྲན་དེ།  རྗེས་སུ་རྒྱལ་དབང་རིན་པོ་ཆེ་ལྷ་སར་འབྱོར་དུས་ལྷ་སའི་ཡབ་གཞིས་ཕུན་ཁང་གི་ར་སྐོར་ནང་དུ་གློ་བུར་དུ་བརྡོལ་ཡོད་པར་མཐོང་བ་མིག་གི་སྤྱོད་ཡུལ་དུ་གྱུར་ཡོད་ཅེས་རྒན་པ་ཀུན་གྱིས་གླེང་། གཟིམ་ཆུང་གི་ཉེ་འདབས་ནུབ་བྱང་གི་མཚམས་སུ་རྒྱལ་བའི་ཡོངས་འཛིན་དམ་པ་འདྲ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་མཆོག་གིས་སྨན་བླ་བདེ་བཤེགས་བརྒྱད་ཀྱི་ཞལ་དངོས་སུ་གཟིགས་པའི་གནས་ཁྱད་པར་ཅན་ཡོད་ཡོད་རི་ཁྲོད་ཆགས་ཡོད།   དབེན་པའི་གནས་མཆོག་དམ་པ་ཡོད་ཡོད་བསྟན་རྒྱས་གླིང་ནི་སྐུ་བཅར་རིན་པོ་ཆེ་མཆོག་དང་ཀེའུ་ཚང་རིན་པོ་ཆེ།  ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན།    གཡང་སྒོ་སྤྲུལ་སྐུ་སོགས་སྐྱེས་ཆེན་དུ་མས་གྲུབ་པའི་གོ་འཕང་དངོས་སུ་རྙེད་པའི་གནས་ཁྱད་དུ་འཕགས་པ་ཞིག་གོ།  གཞན་ཡང་།  ཐང་ཤིང་དཀར་དམར་དང་ཚག་ཤིང་གིས་བཞེངས་པའི་གཟིམ་ཆུང་བདེ་ལྡན་གླིང་གི་ཕོ་བྲང་ལ་རྒྱ་ཁྱོན་ཀ་ཐག་བཅུ་དྲུག་དང་ཐོག་བརྩེགས་གཉིས།  དེའི་སྒོ་འཕྱོར་ལ་ཀ་ཐག་གསུམ།  རབ་གསལ་དང་གད་ར།  རྒྱལ་མཚན་དང་སྤེན་བརྩེགས་སོགས་སྲོལ་རྒྱུན་གྱི་རྣམ་པས་རབ་ཏུ་ཕྱུག་ཡོད།  བཟོ་དབྱིབས་ལེགས་པའི་ཕྱོགས་བཞིའི་རྩིག་པ་ལ་རྡོ་རིགས་སྣ་ཚོགས་ཀྱིས་རི་མོ་བསྒྲིགས་པ་དང་།  གཟིམ་ཆུང་གི་ཟུར་བཞིར་ཤིང་ལས་བྱས་པའི་ཆུ་སྲིན་གྱི་མགོ་བརྗིད་ཉམས་ལྡན་པ་བཞི་དང་།  ཐོག་བརྩེགས་གཉིས་པའི་སྟེང་དུ་གསེར་འོད་ལམ་ལམ་དུ་འཕྲོས་པའི་གསེར་གྱི་རྒྱ་ཕིབས་སེར་པོ་དེ་ཉིད་ཕྱོགས་གང་ནས་བལྟས་ཀྱང་མཐོང་བ་མིག་གི་སྤྱོད་ཡུལ་དུ་གྱུར་ཡོད།  གཟིམ་ཆུང་གི་དབུས་སུ་རྒྱལ་བའི་བཞུགས་ཁྲི་ཆེན་མོའི་སྟེང་གསེར་ཟངས་ལས་གྲུབ་པའི་འཕགས་མཆོག་སྤྱན་རས་གཟིགས་ཕྱག་སྟོང་གི་སྐུ་བརྙན་ཆེན་མོ་ཞིག་དང་། དེའི་རྒྱབ་དང་གཡས་གཡོན་དག་ན་རྗེ་ཡབ་སྲས་ཀྱི་སྐུ་བརྙན་སོགས་སྲོལ་རྒྱུན་གྱི་འཇིམ་སྐུ་སྣ་ཚོགས་དད་པའི་རྒྱན་དུ་བཞེངས་ཡོད།  གཟིམ་ཆུང་གི་ཕྱི་རོལ་དུ་མ་ཎི་དང་ས་ཏྭ་སོགས་ཀྱིས་གཟུངས་གཞུག་བྱས་པའི་དུང་འཁོར་ཆེན་མོ་བཅུ་དང་འཁོར་ཆུང་མང་པོ་ཡོད་པ་དག་ནི་ཡུལ་འདིའི་ཕྱག་སྐོར་པ་རྣམས་ཀྱིས་རྒྱུན་དུ་དགེ་སྦྱོར་གནང་སའི་མཆོད་གནས་སུ་གྱུར།  གཟིམ་ཆུང་འདིར་ལོ་རེ་བཞིན་མགར་ཐར་དགོན་པའི་རྒན་པ་སོ་སོས་རེས་མོས་ཀྱིས་ལྷ་གཉེར་མཛད་ཞོར་འཁྲུངས་ལྷའི་གསོལ་མཆོད་རྒྱུན་ལྡན་དུ་གསུང་གི་ཡོད།  ཁྱད་པར་དུ་གཟིམ་ཆུང་འདིར་མགར་ཐར་དགོན་གྱི་བླ་མ་རྣམ་པ་དབུ་རུ་བཞུགས་ཏེ་མན་ཆོད་ཡུལ་གྱི་དད་ལྡན་མི་དམངས་དག་གིས་ལོ་ལྟར་དགུན་ཁའི་ཟླ་གཅིག་ལྷག་ལ་ས་ཏྭ་དང་མ་ཎི།  དམིགས་བརྩེ་མ་དང་སྒྲོལ་མ། ལྟུང་བཤགས་སོགས་ཀྱི་སྒོ་ནས་བསགས་སྦྱང་ཕུན་སུམ་ཚོགས་པ་གནང་བ་དང་།  ས་ག་ཟླ་བའི་ནང་ཉིན་བརྒྱད་ཀྱི་རིང་ལ་བླ་ཆེན་གང་ཞིག་གིས་དབུ་བཞུགས་མཛད་དེ་སྨྱུང་གནས་ཀྱི་ཆོ་ག་རྒྱས་པར་གཏོང་གི་ཡོད་པར་མ་ཟད།  སྐབས་དང་དུས་སུ་དགེ་བཤེས་དང་བླ་མ་རྣམ་པས་ནང་ཆོས་ངོ་སྤྲོད་དང་ཁོར་ཡུག་སྲུང་སྐྱོང་། གོམས་གཤིས་རྒྱུན་འཛིན་དང་སྐད་ཡིག་གཅེས་སྐྱོང་།  གཙང་སྦྲ་འཕྲོད་བསྟེན་དང་ཡ་རབས་སྤྱོད་བཟང་སོགས་ཀྱི་སྐོར་ནས་བཀའ་སློབ་ལམ་སྟོན་རྒྱ་གང་ཆེ་རེ་གནང་གི་ཡོད།  བོད་ཟླ་དགུ་པའི་ཚེ་གཅིག་གི་ཉིན་ལོ་ལྟར་མགར་ཐར་དགོན་པའི་དགེ་འདུན་པ་ཡོངས་ནས་འཁྲུངས་ལྷ་གསོལ་བའི་ལུགས་སྲོལ་རྒྱུན་མ་ཆད་པར་དར་ཡོད་ལ།  དད་ལྡན་པ་ཚོས་ནམ་རྒྱུན་ཕྱག་དང་བསྐོར་བ་རྒྱུན་མི་ཆད་པར་བྱེད་སའི་དགེ་བའི་གནས་ཁྱད་པར་བ་ཞིག་ཏུ་གྱུར་ཡོད།།
 

  • ལེ་ཚན་སྔོན་མ།:ཁུ་ཀྱུ་དཔོན་ཚང་གི་ཤུལ།
  • ལེ་ཚན་རྗེས་མ།:རི་རྫོང་དཔོན་ཁང་།