མགུར་གླུ།

        2016-06-13

བྱ་གཅིག་རྨ་བྱ་ཟེར་ནི།།
བྱ་རིགས་ཀུན་ལས་མཛེས་སོང་།།
ལྟ་ན་མཛེས་པ་མ་གཏོགས།།
ཟ་རྒྱུ་དུག་ཤིང་ཡིན་གྲགས།།
བྱ་གཅིག་ངང་པ་འདྲ་བའི།།
ཁྲུང་ཁྲུང་བསོད་བདེ་མེད་ན།།
མཚོ་མོས་སྙིང་རྗེ་བྱས་ནས།།
སྐོམ་ཆུ་ལན་གཅིག་བླུད་རོགས།།
བྱིའུ་ཆུང་ལྕང་མ་བསམ་བསམ།།
ལྕང་མས་བྱིའུ་ཆུང་བསམ་བསམ།།
ལྕང་བྱིའུ་སེམས་པ་མཐུན་ན།།
སྡིག་ཅན་ཁྲ་ལ་མི་སྐྲག །
བྱིའུ་ཆུང་སྣང་བ་མཐོ་ནས།།
རྒྱ་ལྕང་རྩེ་ལ་བབས་སོང་།།
ལྡིང་པའི་གཤོག་རྩལ་མེད་ན།།
ཆུ་མིག་གཞུང་ལ་ལྷུང་ཡོང་།།
བྱིའུ་ཆུང་སྐད་ངག་འཛོམ་ས།།
རླུང་རྫི་ནང་ལ་བཙུད་ཡོད།།
ལྡིང་པ་གཤོག་པ་ཡོད་དེ།།
གནམ་འཕང་གཅོད་ནུས་མི་འདུག །

  • ལེ་ཚན་སྔོན་མ།:མགུར་གླུ།
  • ལེ་ཚན་རྗེས་མ།:ཞྭ་བཤད་རྡོ་རྗེའི་ཚེ་གླུ།