རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོང་གི་ལས་དོན།

        2016-06-07

ཁོར་ཡུག་འབག་བཙོག་གི་འཇིགས་སྣང་འོག་རྒྱལ་ཚོགས་ཀྱི་འཛམ་གླིང་ཁོར་ཡུག་དང་འཕེལ་རྒྱས་ལྷན་ཚོགས་དེ་ཕྱི་ལོ1983ལོར་གསར་འཛུགས་བྱས་ཤིང་། རིམ་བཞིན་ཁྱབ་ཁོངས་རྒྱལ་ཁབ་ཁག་དང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཁོར་ཡུག་སྲུང་སྐྱོང་གི་ཚོགས་པ་དུ་མ་གསར་འཛུགས་དང་འབྲེལ། ད་ལྟ་དང་མ་འོངས་པའི་མི་རབས་སོགས་ཀྱི་སླད་ཁོར་ཡུག་སྲུང་སྐྱོང་དགོས་པའི་ཚོགས་འདུ་བསྡུ་སྐོང་དང་གྲོས་ཆོད་གང་མང་བཞག་སྟེ་ལས་དོན་བྱས་དང་བྱེད་བཞིན་ཡོད་པ་དང་།དེ་ཡང་མ་འོངས་པའི་ཁོར་ཡུག་གི་ཕྱི་ནང་སྣོད་བཅུད་ཀྱི་བཀོད་པ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་དང་། དཔེར་ན། རི་སྐྱེས་སྲོག་ཆགས་དང་། རྩི་ཤིང་སྨན་རྩྭ། གཏེར་ཁ་ཐོན་ཁུངས་སོགས་ལ་གྲོན་ཆུང་བསྲི་ཚགས་དང་གཅེས་སྤྲས་སོགས་གོ་རིམ་ལྡན་པས་བདག་གཅེས་ལེགས་པོ་བྱས་ཏེ་འཛམ་གླིང་ནང་ཞི་བདེ་འཆམ་མཐུན་དང་བདེ་སྐྱིད་ཀྱི་དཔལ་ཡོན་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་དང་། གལ་སྲིད་འཛམ་གླིང་ནང་དཔལ་འབྱོར་དང་ཆབ་སྲིད་ཀྱི་དར་རྒུད་འགྱུར་བ་ག་འདྲ་ཕྱིན་རུང་ཁོར་ཡུག་ཐོག་ལ་དོ་སྣང་དང་། སེམས་ཁུར། འགན་ལེན་སོགས་སྔར་ལས་ལྷག་པ་བྱེད་དགོས་པའི་དགོས་འདུན་བཏོན་པ་དང་། དེ་ཡང་ལོ་ལྟར་ཕྱི6ཚེས5ཉིན་ས་གནས་གང་སར་འཛམ་གླིང་ཁོར་ཡུག་གི་ཉིན་མོར་སྲུང་བརྩི་ཟབ་རྒྱས་ཞུ་བཞིན་ཡོད་པ་རེད།འཛམ་བུ་གླིང་གི་ཡར་ཐོན་ཅན་གྱི་རྒྱལ་ཁབ་འགའ་ཤས་ནང་རླུང་ཁམས་ཀྱི་སྤུས་ཚད་ལེགས་ཕྱོགས་སུ་ཕྱིན་ཡོད་ཀྱང་། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ནང་ཅུང་ཞན་པོ་ཡོད་པ་མ་ཟད། ཤར་ཡུ་རོབ་ཁུལ་ལ་རྫས་འགྱུར་གསོག་འཇོག་དང་། རླུང་ཁམས་འབག་བཙོག་ཤུགས་ཆེ་བའི་དཀའ་ངལ་དེ་དག་སེལ་བའི་ཐབས་ལམ་དང་མཉམ་འབྲེལ་གྱི་ལས་འགུལ་དང་གདོང་ལེན་བྱེད་ཀྱི་ཡོད་པ་རེད། རྫས་འགྱུར་གསོག་འཇོག་ཉུང་དུ་མ་སོང་བར་དུ་མཚོ་དང་རྒྱུག་ཆུར་གནས་པའི་སྲོག་ཆགས་རིགས་ཀྱི་ཚེ་སྲོག་ལ་མུ་མཐུད་འཇིགས་སྣང་དང་རྩ་སྟོང་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པ་མ་ཟད། རྩི་ཤིང་དང་ནགས་ཚལ་སྐྱེ་འཕེལ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་། མིའི་གྲངས་འབོར་རྒྱུན་དུ་འཕེལ་བཞིན་པའི་འགྲོ་བ་མི་རྣམས་ཀྱིས་ཁོར་ཡུག་ལ་གནོད་འཚེ་འཕར་མ་སྤྲོད་བཞིན་པ་དེས་ཆུ་ཁམས་འབག་བཙོག་གི་དཀའ་ངལ་མུ་མཐུད་ནས་འོང་གི་ཡོད་ཅིང་། ས་འོག་གི་ཆུའི་ནང་དུ་དུག་ཤེད་སྙིགས་རོ་སིམ་པ་དང་མཚོ་ཁའི་ས་འོག་གི་ཆུ་གཙང་མར་ཚྭ་ཆུ་སིམ་འཛུལ་བྱེད་པ་དེ་དག་ད་བར་དུ་བཀག་ཐུབ་མེད་པ་རེད།།
  • ལེ་ཚན་སྔོན་མ།:འཛམ་གླིང་ཁོར་ཡུག་གི་ཉིན་མོ།
  • ལེ་ཚན་རྗེས་མ།:ཁོར་ཡུག་སྲུང་སྐྱོང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན།
  • དོ་སྣང་ཆེ་བའི་རྩོམ།