དམངས་གླུ་ཆུ་མིག་དགུ་སྒྲིལ།

        2011-01-21

དམངས་གླུ་ཆུ་མིག་དགུ་སྒྲིལ།

1
གཞས་ལ་གཞས་ལན་མེད་པའི།།
གཞས་ཤིག་ལེན་ར་མ་མྱོང་།།
གོས་ལ་གོང་བ་མེད་པས།།
ཕ་མས་བསྐོན་ར་མ་མྱོང་།།
2
མགོ་ལུང་མ་རྩ་དངུལ་རེད།།
ཆབ་ལུང་རིན་ཆེན་གསེར་རེད།།
ལས་འབྲས་ཅན་གྱི་མགར་བ།།
ལས་དབང་ཅན་གྱིས་འདོགས་གི།
3
སྒུག་རྒྱུ་བྱམས་པ་བསྒུག་ནི།།
བྱམས་པར་ཕེབས་རྒྱུ་མེད་གི།
མི་དགོས་སྡིག་པ་ར་ཙ།།
དྲ་དེ་དྲུད་དེ་ཐོན་ཐལ།།
4
ཁྱོད་ལ་ཡོད་པའི་དངུལ་སྐྱེས།།
ང་ལ་ཡོད་པའི་གསེར་སྐྱེས།།
རྡུང་མཁན་མགར་བ་གཅིག་རེད།།
བསྐོན་རེས་བྱས་ན་ཅི་སྐྱོན།།
5
བྱུ་རུ་དམར་བོའི་དཀྱིལ་ལ།།
དུང་གི་མདུད་པ་བརྒྱབས་ཡོད།།
བྱུ་རུ་མ་ཆག་བར་དུ།།
མདུད་པ་མི་ཤིགས་ཁོ་ཐག།
6
ཆུ་འཁོར་ཆུ་ཡིས་བསྐོར་ཡོད།།
ཉི་མ་རླུང་གིས་བསྐོར་ཡོད།།
ཨ་རོགས་ཁྱོད་དང་ངེད་གཉིས།།
ཚེ་སྔོན་ལས་ཀྱིས་བསྐོར་ཡོད།།
7
ཨ་རོགས་ཁྱོད་ལ་ཅི་དགོས།།
ཅི་དགོས་ང་ལ་ཤོད་དང་།།
ནམ་མཁའི་སྐར་ཆེན་དགོས་རུང་།།
སྐས་བརྒྱ་བཙུགས་ནས་བླངས་ཆོག།
8
གནམ་ན་སྐར་མ་བརྒྱ་ཡོད།།
སྐར་ཆེན་ཟེར་བ་གཅིག་ཡོད།།
ས་ན་མགོ་ནག་བརྒྱ་ཡོད།།
ཆུང་འདྲིས་ཟེར་བ་གཅིག་ཡོད།།
9
རྟ་ཕོས་སེས་སེས་ཆོབ་ཆོབ།།
སྒོ་རའི་ནང་ལ་ཐོན་ཐལ།།
ཕ་མ་ཁ་བཙན་ཆེ་བས།།
ཡར་ཤོག་ཟེར་དབང་མ་ཡོད།།
10
རྟ་ཕོ་ལ་ལ་འགྲོ་དུས།།
ཆུང་འདྲིས་འགྲོ་སྟངས་དྲན་གི།
ལ་དང་ལ་མོ་བརྒྱུད་དུས།།
མིག་མཐའ་མཆི་མས་བཀང་འགྲོ།།
11
ཇ་ནི་འབྲི་ཇ་བསྐོལ་ཡོད།།
མར་ནི་འབྲི་མར་འཕངས་ཡོད།།
ཆུང་འདྲིས་ཡིད་བཞིན་ནོར་བུས།།
དེའི་ནང་བཞེས་པ་གསོལ་སོང་།།
12
འགྲི་ནི་འགྲོ་ནི་ཟེར་ནས།།
རྟ་ཕོར་སྒ་སྟན་བྱས་ཐལ།།
ཆུང་འདྲིས་ངོ་ལ་བལྟས་ནས།།
ཉིན་རེ་ཞག་རེར་ལྷག་ཐལ།།
13
ཆུང་འདྲིས་ངེད་གཉིད་འདྲིས་འདྲིས།།
རྡོ་ཐོག་རི་མོ་བརྐོས་འདྲ།།
ཆར་བ་ལོ་གསུམ་བབས་རུང་།།
རི་མོ་འདག་རྒྱུའི་དཔེ་མེད།།
14
མཚོ་སྟོད་ངང་བ་གསེར་མགོ།
མཚོ་སྨད་ངང་བ་དངུལ་མགོ།
ཚེ་སྔོན་ལས་འབྲས་ཡོད་ན།།
མཚོ་ཁ་གཅིག་ལ་འཁོར་ཤོག།
15
ས་གདན་པ་ཏྲའི་སྟེང་ལ།།
ཆུ་འབྲུག་རི་མོ་དོད་ཡོད།།
ས་གདན་འདི་འདྲ་ཡོད་རུང།།
རི་མོ་འདིའདྲ་བཀོན་གི།
16
ཆུང་དུས་ཁྲིད་ན་ངོ་ཚ།།
ཆེ་དུས་བསྐྱུར་ན་ངོ་ཚ།།
ཆུང་ཆུང་ཕུར་བ་འདྲ་བོ།།
གཡས་ཕུར་ནང་དུ་དྲོངས་ཤིག།
17
ཀ་བ་རྩེང་མཁན་ཁྱོད་རེད།།
ཀ་རྡོ་འཇོག་མཁན་ང་རེད།།
ཀ་མགོར་རི་མོ་འབྲི་དུས།།
འབྲི་བདག་བརྒྱ་དང་སྟོང་རེད།།
18
བསམ་རྒྱུར་ལྷ་ས་བསམ་ནི།།
ལྷག་རྒྱུར་ཆབ་མདོར་ལྷག་ཐལ།།
ཆབ་མདོ་ཆུ་གཉིས་བར་ནས།།
མ་བསམ་ལྷུན་གྱིས་འགྲུབ་ཐལ།།
19
ལྷ་སའི་པོ་ཏ་རི་ནས།།
གསེར་གྱི་རྒྱ་གླིང་འབུད་གི།
གསེར་གྱི་རྒྱ་གླིང་མ་རེད།།
བན་ཆུང་གསུང་སྐད་རང་རེད།།
20
ལྕང་མ་སྐྱེ་སྟོབས་ཆེ་རུང་།།
དཔའ་བོའི་མདུང་ཤིང་མི་ཉན།།
དྲེལ་ལུ་གོམ་པ་བདེ་རུང་།།
བླ་མའི་ཆིབས་པ་མི་ཉན།།
21
ལྕང་མ་འདེབས་མཁན་ཁྱོད་རེད།།
ལྕང་མ་གཏོང་ནི་ང་རེད།།
ལྕང་མར་སྣ་ལོ་སྐྱེ་དུས།།
བདག་པོ་བརྒྱ་དང་སྟོང་རེད།།
22
ཉི་ཤུའི་ནག་ལ་མ་ཡོང་།།
མ་ལོས་ཁ་ཡ་རྒྱག་གི།
བཅོ་ལྔའི་ཟླ་བར་ཤོག་དང་།།
སྙིང་གཏམ་དེ་དུས་ཞུས་ཆོག།
23
སྟོད་ཀྱི་སྤང་དཀར་ཐང་ན།།
མེ་ཏོག་སྣ་མ་སྣ་ཚོགས།།
རང་རང་དགའ་བའི་མེ་ཏོག།
མཛུ་གུ་བཙུགས་ནས་བཞག་ཡོད།།
24
ཡག་ནི་རྒྱལ་མཚན་ཡག་གི།
མཐོ་ནི་རྒྱལ་མཚན་མཐོ་གི།
རྒྱལ་མཚན་ཁོག་ཁ་སྟོང་ནོ།།
ད་ལོ་མིན་ན་མ་ཤེས།།
25
ཕྱི་ནི་གོས་ཆེན་ཁུག་མ།།
ནང་ནི་ཡུག་པོའི་རྩམ་པ།།
ཁ་ལ་བཟའ་རྒྱུ་མ་ཟེར།།
སྣ་ལ་བསྣོམ་འདང་མེད་གི།
26
མགོ་དང་ཞྭ་གཉིས་བར་ལ།།
མི་འཆུག་སྐྲ་ཞིག་བསླེས་ཡོད།།
འཆུག་མེད་ཞྭ་ལོང་བཏགས་ཡོད།།
འཆུག་ན་སྔོན་མའི་ལས་རེད།།
27
རྟ་དང་སྒ་གཉིས་བར་ལ།།
མི་གནོད་སྟན་ཞིག་བཏིངས་ཡོད།།
མི་འགྱུར་གློ་ཞིག་བརྒྱབས་ཡོད།།
འགྱུར་ན་སྔོན་མའི་ལས་རེད།།
28
རོགས་དང་འུ་གཉིས་བར་ལ།།
མི་འཆུག་ཚིག་ཅིག་བཤད་ཡོད།།
འཆུག་མེད་མནའ་ཞིག་བསྐྱལ་ཡོད།།
འཆུག་ན་སྔོན་མའི་ལས་རེད།།
29
ཆུ་དང་ཉ་མོ་གཤིབས་གཤིབས།།
ངེད་གཉིས་གཤིབས་རྒྱུ་བྱུང་ན།།
དོལ་དང་ལྕགས་ཀྱུའི་གནོད་པ།།
བྱུང་དང་མ་བྱུང་མི་འདུག།
30
ང་རང་གཉིས་ལས་དགའ་བ།།
སྟེང་ཕྱོགས་ལྷ་ལ་ཨེ་ཡོད།།
ལྷ་ཆེན་ཚངས་པ་དཀར་པོ།།
ང་རང་གཉིས་ལ་སྨོན་སོང་།།
31
སེམས་གཉིས་གཅིག་ཏུ་བསྒྲིལ་བའི།།
གཙང་མའི་ཡིད་ཀྱི་མཆོད་པ།།
ནམ་མཁའི་བླ་མ་དཀོན་མཆོག།
མར་མེ་བཞེས་རོགས་གནོང་དང་།།
32
དབུས་ཀྱི་རི་རྒྱལ་ལྷུན་པོ།།
མ་འགྱུར་བརྟན་ལ་བཞུགས་དང་།།
ཉི་མ་ཟླ་བའི་སྐོར་ཕྱོགས།།
ནོར་ཡོང་བསམ་པ་མི་འདུག།
33
ཆུ་ལ་ཡིག་ཆུང་བསྐུར་བས།།
གཏམ་ལ་གསལ་ཆ་མི་འདུག།
ཐག་རིང་བྱམས་པའི་ས་ཕྱོགས།།
བདེ་མོའི་ངང་ལ་བཞུགས་སམ།།
34
རི་མགོ་མཐོན་པོའི་ཉི་མ།།
དྲོ་རོགས་མེད་པའི་འཁྱག་རོགས།།
ཐག་རིང་ས་ཡི་བྱམས་པ།།
དགའ་རོགས་མེད་པའི་སྐྱོ་རོགས།།
35
དཀར་ཡོལ་དཀར་སངས་གཅིག་ལ།།
རི་མོ་བཀྲ་ཤིས་རྟགས་བརྒྱད།།
དེ་འདྲའི་དཀར་ཡོལ་འགྲུབ་ཀྱང་།།
རི་མོ་འགྲུབ་ས་མ་རེད།།
36
དཀར་ཡོལ་དཀར་སངས་ནང་ལ།།
སེང་གེའི་འོ་མ་བླུགས་ཡོད།།
སྡུག་ཤི་རྒྱག་རྒྱུ་ཞིག་གིས།།
སྣག་ཚའི་ཐིགས་པ་གཏོར་སོང་།།
37
ཤ་བ་རྭ་ཅོ་རིང་ཡང་།།
གནམ་གི་ཀ་བ་མི་ཉན།།
རི་བོང་སུག་ལག་ཐུང་ཡང་།།
ལ་མོ་འདྲ་འདྲ་བརྒྱབ་ཡོད།།
38
རྟ་ཕོ་ཆས་ཀྱིས་གསོས་ཏེ།།
རྐང་ཐང་འགྲོ་དགོས་བྱུང་ན།།
རྟ་ར་གྲུ་བཞིའི་ནང་ལ།།
བཏགས་དང་མ་བཏགས་མེད་གི།
39
བྱ་དེ་ཁུ་བྱུག་རྒྱལ་པོ།།
ལྷོ་རུང་ཕྱོགས་ལ་ཕེབས་ན།།
ཁུག་རྟ་ང་ཡང་མ་སྐྱུར།།
ལྷོ་རུང་ཕྱོགས་ལ་ཁྲིད་རོགས།།
40
ཚེས་ཆེན་བཅོ་ལྔའི་ཟླ་བ།།
ཤར་ན་བསམ་པ་མ་གཏོགས།།
ང་ལ་ཉི་ཤུའི་ཕྱེད་ཆ།།
ཤར་དང་མ་ཤར་མེད་གི།
41
སྣང་བ་མི་འཁྲུལ་དགུ་འཁྲུལ།།
བུ་མོ་ཁྱེད་ཉིད་འཁྲུལ་སོང་།།
དྲིན་ཅན་ཕ་མ་བཞག་ནས།།
ཨ་གསར་རོགས་ལ་འགྲོགས་སོང་།།
42
ཕ་རུའི་གླང་མ་གུག་གུག།
ཚུ་རུའི་སྟག་མ་དགྱེ་དགྱེ།།
གུག་ན་ཕར་གུག་ཚུར་གུག།
མ་གུག་རང་རང་སོ་སོ།།
43
ཇོ་བོར་གསེར་ཤོག་སྒྲོན་མཁན།།
ང་ཡིན་ཁོ་ཡིན་ཟེར་གི།
ལྷ་ཁང་རྟུག་དྲིས་བཀང་མཁན།།
ང་མིན་ཁོ་མིན་ཟེར་གི།
44
ལྷ་སའི་ཇོའི་ཁང་ནང་ན།།
ཀ་རིང་བརྒྱ་དང་བརྒྱད་ཅུ།།
ཀ་རིང་རེ་རེའི་ངོས་ན།།
སྟོན་པའི་སྐུ་རེ་བཞུགས་གི།
45
ཙན་དན་ལོ་མའི་སྟེང་ན།།
རྗེ་བཙུན་སྒྲོལ་མ་བཞུགས་པ།།
ལོ་མ་རེ་རེའི་ངོས་ནས།།
སྒྲོལ་མས་གསུངས་སྐད་འབྱོན་བྱུང་།།
46
ཀ་མགོ་མི་འགྱུར་ལྷ་རེད།།
ཀ་རྟིང་མི་འགྱུར་རྡོ་རེད།།
བྱམས་པ་མི་འགྱུར་ཚིག་རེད།།
ཚིག་གི་རྩ་བ་མནའ་རེད།།
47
དྲུག་དཀར་རིན་ཐང་ཆེ་རུང་།།
གདམ་ག་བརྒྱབ་ན་ཉོས་ཆོག།
ཆུང་འདྲིས་བྱམས་པ་འདྲ་བོ།།
སུ་དང་གང་ལ་མི་འདུག།
48
ཕ་རུའི་བྲག་དམར་དཀྱིལ་ལ།།
སྒྲོལ་མའི་སྐུ་ཞིག་བཞེངས་བྱུང་།།
སྒྲོལ་མ་སྒྲོལ་རྐྱང་ཡིན་ན།།
དད་པ་རྒྱང་ནས་བཞག་འགྲོ།།
48
ཆུང་འདྲིས་ཡོང་གི་བསམ་ནས།།
ལོ་ཟླ་ཞག་ལ་བསྒུགས་ཡོད།།
ཆུང་འདྲིས་གཞན་ལ་སོང་བས།།
ཞེན་ཁ་གཏིང་ནས་ལོག་བྱུང་།།
50
ཅོག་ཙེ་དམར་བོའི་སྟེང་ལ།།
གོས་ཆེན་ལག་རས་བཞག་བྱུང་།།
ཅོག་ཙེ་རེ་རེ་ཕྱིས་དུས།།
ཆུང་འདྲིས་རེ་རེ་དྲན་བྱུང་།།
51
ཁྱོད་ནི་ལ་མོའི་ཕར་ནང་།།
ང་ནི་ལ་མོའི་ཚུར་ནང་།།
གཅིག་སེམས་གཅིག་ལ་མཐུན་ན།།
ལ་མོ་ཁ་ཉག་བཟོ་ཆོག།
52
ཕ་རུའི་ལྕང་མ་ཚུར་འགུག།
ཆུ་གཉིས་བར་དུ་བཙུགས་སོང་།།
ལས་འབྲས་མེད་པའི་ལྕང་མ།།
ཆུ་གཉིས་བར་ནས་སྐམ་སོང་།།
53
ཨ་ཤོག་ཨ་གསར་ཚེ་ལ།།
ཤོག་བུའི་དར་ལྕོག་བཙུགས་ཡོད།།
ཞག་གསུམ་ཁོམ་ལོང་མེད་པར།།
མགོ་ཤག་གཞུག་ལ་གས་སོང་།།
54
དཀར་ཡོལ་ཆག་ན་རྡོ་རེད།།
རི་མོ་ཡལ་ན་ཚོན་རེད།།
རྒྱ་ནག་དཀར་སྒམ་ནང་ནས།།
དེ་བས་ཡག་རེ་ལེན་འགྲོ།།
55
རི་མགོ་མཐོན་པོའི་རྩེ་ལ།།
དར་ལྕོག་ཁ་གང་བཙུགས་ཡོད།།
ཁ་ཞེང་ཆུང་འདུག་མ་བསམ།།
མ་ཎི་འབྲུ་དྲུག་དོད་ཡོད།།
56
ཕྱི་ཡི་དཀར་ཡོལ་དཀར་བོ།།
ནང་གི་འོ་མ་དཀར་བོ།།
ཆུང་འདྲིས་བསམ་པ་དཀར་བོ།།
དཀར་བོ་དེ་གསུམ་འཛོམས་བྱུང་།།
57
མཆོད་རྟེན་མི་བཞེངས་དགུ་བཞེངས།།
བྲག་དམར་དཀྱིལ་ལ་བཞེངས་བྱུང་།།
སྐོར་བ་རྒྱག་བསམ་འདུག་ཀྱང་།།
བསྐོར་ལམ་བདེ་མོ་མི་འདུག།
58
དབྱར་ཆུ་ཆེ་ན་ཆེ་སོང་།།
དགུང་ཆུ་ཆུང་ན་ཆུང་སོང་།།
རྟ་ཕོ་རག་ཆུང་ངེད་གཉིས།།
ཆུ་མགོ་བསྐོར་ནས་སླེབས་ཡོང་།།
59
ཁྲ་ནི་རས་ཁྲ་ཁྲ་བྱུང་།།
འཇམ་ནི་གོས་ཆེན་འཇམ་བྱུང་།།
འཇམ་པོ་གོས་ཆེན་གོན་ཉིན།།
རས་ཁྲ་དགོངས་པ་མ་འཚོམ།།
60
གོས་ཆེན་ཕོར་ཁུག་ནང་ལ།།
ཡུག་པོའི་རྩམ་པ་བླུགས་སོང་།།
ལྡུག་མཁན་ཧམ་པ་ཆེ་སོང་།།
ལྡུག་ས་བསམ་པ་ཕམ་སོང་།།
61
ཞབས་བྲོ་རྒྱག་དགོས་བསམ་ནས།།
རྐང་ལ་འཇུར་ལྷམ་གོན་ཡོད།།
འཇུར་ལྷམ་མ་ཟད་བར་དུ།།
ཞབས་བྲོ་ཟད་ས་མ་རེད།།
62
རྒྱ་ལྕང་ལྕང་མའི་འོག་ནས།།
ཚིག་གསུམ་སྐད་ཆ་ལབ་ཡོད།།
བྱེའུ་ཆུང་འཇོལ་མོ་མ་གཏོགས།།
སུ་དང་གང་གིས་མི་ཤེས།།
63
དཀར་ཡོལ་དཀར་སངས་ནང་ལ།།
དཀར་གསུམ་འོ་མ་བླུགས་ཡོད།།
འོ་མ་ཆུ་ལ་འགྱུར་ན།།
སྐྱེ་བ་སྔོན་གྱི་ལས་རེད།།
64
ཆུ་ལ་ཡིག་ཆུང་བསྐུར་ཡོད།།
སྐྱོགས་དཀར་ནང་དུ་ཨེ་བྱུང་།།
བསམ་པའི་བང་ཆེན་བཏང་ཡོད།།
རྨི་ལམ་ནང་དུ་ཨེ་བྱུང་།།
65
བདག་གི་ཆུང་འདྲིས་བྱམས་པ།།
རྫ་རིའི་འོག་གི་ཆུ་རེད།།
ཆུ་སྒྲ་སིལ་སིལ་མ་གཏོགས།།
ཆུ་རྒྱུན་མཐོང་རྒྱུ་མི་འདུག།
66
རྨོན་མཛོ་ཞིང་ལ་འགྲོ་འགྲོ།།
ངེད་གཉིས་འགྲོ་རྒྱུ་བྱུང་ན།།
ལས་ལ་བསྐོས་པའི་གཉའ་ཤིང་།།
འཁུར་དགོས་བྱུང་ཡང་ལས་རེད།།
67
རྐང་གཉིས་སྡོམ་པའི་ལྷམ་དེ།།
རྒྱ་ལྕང་ཡིན་ཡང་མི་གྱོན།།
རང་སེམས་སོང་བའི་ན་ཟླ།།
རྒྱལ་བུ་ཡིན་ཡང་མི་འདྲིས།།
68
རི་མགོ་མཐོ་མིན་མ་ལྟ།།
བདེ་སྙོམ་ཡིན་མིན་ལྟོས་ཤིག།
ན་ཟླའི་སྐྱེ་ལོར་མ་ལྟ།།
ཁོག་གི་ཤེས་རྒྱར་ལྟོས་ཤིག།
69
ང་ཡི་ཆུང་འདྲིས་བྱམས་པ།།
ལྷོ་ཕྱོགས་ནགས་ཀྱི་ཁུ་བྱུག།
ཟླ་བ་ཞགས་ལ་བསྒུགས་ཀྱང་།།
མཇལ་བའི་སྐལ་བ་དཀོན་པ།།
70
ཨ་གསར་གསར་ལ་དགའ་བ།།
བུ་མོ་གཏད་སོ་མེད་པ།།
གཏད་སོ་མེད་པའི་བུ་མོར།།
ཨ་འགྲོགས་སྐྱ་འགྲོགས་བྱས་ཆོག།
71
ཆོས་ལ་དུང་བ་ཡོད་རུང་།།
ཆོས་ལ་ལས་འཕྲོ་མི་འདུག།
སྡོམ་པ་ཤོར་བའི་ཨ་བཙུན།།
འཁོར་བའི་སྒོ་རུ་ཐོན་བཞག།
72
ཁྱོད་ནི་ལ་མོའི་ཕར་རྒྱབ།།
ང་ནི་ལ་མོའི་ཚུར་རྒྱབ།།
སྐྱེ་སྔོན་ལས་འཕྲོ་ཡོད་ན།།
ཕར་སོང་ཚུར་འོང་བྱས་ཆོག།
73
སྒོ་ཁྱི་ངན་གི་མ་གསུངས།།
རྐུན་མ་ཇག་པ་ཐོན་དུས།།
ཨ་འཐེན་སྐོར་འཐེན་གནང་མཁན།།
སྒོ་ཁྱི་མིན་ན་མེད་གི།
74
ཆུ་མོ་བཞུར་ན་བཞུར་ག།
རླུང་བུ་གཡུག་ན་གཡུག་ག།
ཐག་རིང་ཡུལ་གྱི་བྱམས་པ།།
གོ་རྒྱུ་ཐོས་རྒྱུ་མི་འདུག།
75
དང་པོ་ལམ་ལ་ཆས་དུས།།
མཉམ་འགྲོ་མཉམ་འདུག་བྱས་ཡོད།།
ཆར་དང་རླུང་གིས་དེད་དུས།།
ཁྱོད་ནི་ང་ལས་མགྱོགས་པ།།
76
དཔོན་པོ་ཐོག་ནག་སེར་བ།།
བབས་ཡོང་བསམ་པ་མ་བྱུང་།།
མ་བསམ་དཔོན་པོ་ཚང་གིས།།
ང་ལ་གཉའ་སྒ་བསྟད་བྱུང་།།
77
རྟ་དང་སྒ་གཉིས་བར་ན།།
གྲུ་བཞིའི་སྟན་ཞིག་ཡོད་ན།།
ང་དང་ཆུང་འདྲིས་བར་ན།།
མི་འགྱུར་ཚིག་ཅིག་བཤད་ཡོད།།
78
མེ་ཏོག་བཏབས་ཡོད་བཏབས་ཡོད།།
བྱེ་མའི་རི་ལ་བཏབས་ཡོད།།
ལས་འཕྲོ་ཡོད་པའི་མེ་ཏོག།
བྱེ་མའི་རི་ནས་སྐྱེས་བཞག།
79
ཕ་རུའི་རི་རྒྱལ་མགོ་ན།།
རླུང་རྟ་མང་པོ་གཏོར་ཡོད།།
རླུང་རྟ་ཆུང་གི་མ་འདོད།།
བཀྲ་ཤིས་རྟགས་བརྒྱད་དོད་ཡོད།།
80
གོས་ཆེན་ཁ་གང་ཁ་དོ།།
རི་མོ་འབྲུག་བརྒྱ་དོད་ཡོད།།
དེ་འདྲ་རོགས་ལོས་གོན་ནས།།
རི་མོ་དེ་འདྲ་ཡག་སོ།།
81
ཁྱོད་ནི་གསེར་གྱི་བུམ་པ།།
ང་ནི་དངུལ་གྱི་བུམ་པ།།
དོན་མེད་ལྕགས་ཀྱི་བུམ་པ།།
བར་ལ་འཚང་གི་མ་འདུག།
  • ལེ་ཚན་སྔོན་མ།:ཞིང་འབྲེག་ཚར་སྐབས་ཀྱི་གཞས།
  • ལེ་ཚན་རྗེས་མ།:སྡེ་རོང་གི་གྱང་གླུ།