ནུས་མང་བདེ་མྱུར་བོད་ཡིག་འཇུག་ཐབས་གསར་གཏོད་པ་བཀྲ་ཤིས་བཟང་པོ།

        2016-05-05

ནུས་མང་བདེ་མྱུར་བོད་ཡིག་འཇུག་ཐབས་གསར་གཏོད་པ་བཀྲ་ཤིས་བཟང་པོ།
བཀྲ་ཤིས་བཟང་པོ་ལགས་སྤྱི་ལོ་༡༩༦༣ལོར་ཡུལ་ཤུལ་ཟུར་མང་ཆུང་བ་སྐྱེས། རྒྱ་ཡིག་དང་བོད་ཡིག དབྱིན་ཡིག་སོགས་བརྩོན་པས་འཇུག་པས་འབྲས་བུ་གཡུར་དུ་ཟ། ལྷག་ཏུ་རྩིས་འཁོར་རིག་པའི་སྐོར་ལ་དགའ་ཞེན་དང་བློ་རྩ་མྱུར་བས་གཞན་ལས་འཕགས་པའི་གྲུབ་འབྲས་མངོན་ཏེ། སྤྱི་ལོ་༢༠༠༩ལོ་ནས་བཟུང་ནུས་མང་བདེ་མྱུར་བོད་ཡིག་འཇུག་ཐབས་ཀྱི་སྐོར་ལ་ཞིབ་འཇུག་དང་གསར་གཏོད་ཀྱི་ལས་ལ་བརྩོན། བགྲང་བྱ་བཞིའི་རིང་དུ་ཁུལ་མི་དམངས་སྲིད་གཞུང་གི་བླ་མེད་ ཐུགས་ཁུར་དང་། དགེ་རྒན་དང་སློབ་གྲོགས། གྲོགས་དགའ་བཟང་དག་གི་རོགས་རམ་བཟང་པོའི་འོག རང་ནུས་ཅི་ལྕོགས་ཀྱིས་འབད་པ་ཆེན་པོས་ཞིབ་འཇུག་བྱས་པས་སྤྱི་ལོ་༢༠༡༣ལོར་གཞི་ནས་ལེགས་འགྲུབ་བྱུང་། སྤྱི་ལོ་༢༠༡༤ལོའི་ལོ་དཀྱིལ་ལ། སྔོན་རྗེས་སུ་ལྷོ་ནུབ་མི་རིགས་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། བོད་ལྗོངས་སློབ་ཆེན་སོགས་ལ་ནུས་མང་བདེ་མྱུར་བོད་ཡིག་འཇུག་ཐབས་སྐོར་ལ་འཆད་ཁྲིད་བགྱིས་ཏེ། བོད་རིག་པ་དང་རྩིས་འཁོར་རིག་པ། ཆ་འཕྲིན་ལག་རྩལ་སོགས་འབྲེལ་ཡོད་དབུ་ཁྲིད་དང་ཆེད་མཁས་པ། རིག་གནས་པ་དག་ལ་ནུས་མང་བདེ་མྱུར་བོད་ཡིག་འཇུག་ཐབས་སྐོར་ངོ་སྤྲོད་དང་ཕན་ཚུན་བར་ལ་བསམ་བློ་བརྗེ་རེས་ཁྲོད། བོད་ཡིག་འཇུག་ཐབས་འདིའི་ཞན་ཆ་དང་མི་འདང་སའི་སྐོར་དག་དང་དུ་བླངས་ཏེ། མུ་མཐུད་ཞིབ་བཅོས་དང་ཇེ་ལེགས་སུ་བཏང་བ་ཡིན། ཉེ་ཆར། ནུས་མང་བདེ་མྱུར་བོད་ཡིག་འཇུག་ཐབས་ལ་རྒྱལ་ཁབ་དཔར་སྐྲུན་དབང་ཆ་ཅུའུ་ཡིས་རྩིས་འཁོར་མཉེན་ཆས་རྩོམ་པའི་དབང་ཆའི་ཐོ་འགོད་དཔང་ཡིག་ཐོབ། བོད་ཡིག་འཇུག་ཐབས་དེ་གསར་གཏོད་ལག་རྩལ་ཆེད་ཁེ་རྣམ་གྲངས་གཉིས་རེ་ཞུ་བྱས་པར་རྒྱལ་ཁབ་ཤེས་རིག་ཐོན་དབང་ཅུའུ་ཡིས་དང་ལེན་བྱས་པ་མ་ཟད་ཐོག་མའི་ཞིབ་དཔྱད་འཐད་པ་བྱུང་། ད་ལྟ་དངོས་སུ་ཞིབ་དཔྱད་ཀྱི་རྒྱུད་རིམ་དུ་ཐོན་ཡོད། ནུས་མང་བདེ་མྱུར་བོད་ཡིག་འཇུག་ཐབས་དེ་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་རྩ་འཛུགས་ཆོད་སྡོམ་ལས། གྲུབ་འབྲས་དེ་རྒྱལ་སྤྱི་སྔོན་ཐོན་ཆུ་ཚད་དུ་སླེབས་པའི་འདེང་འཇོག་གནང་།
མདོར་ན། ནུས་མང་བདེ་མྱུར་བོད་ཡིག་འཇུག་ཐབས་གསར་གཏོད་བྱས་པ་དེས། བོད་ཁུལ་ལ་ཡོངས་ཁྱབ་ཀྱི་ཚན་རིག་དང་རིག་གནས་ལ་སྐུལ་འདེད་དང་། བོད་ཁུལ་ལ་ཡོངས་ཀྱི་ཁྱབ་རྩིས་འཁོར་ཁྱབ་གདལ་དུ་གཏོང་བ། གནའ་དཔེ་ལེགས་སྒྲིག བོད་རིག་པ་ཞིབ་འཇུག་གི་ལས་ཀ་སོགས་ལ་ལག་རྩལ་སྐྱོར་བའི་འདོན་སྤྲོད་བྱས་ཡོད། མ་འོངས་པར་བཀོལ་སྤྱོད་ཅུང་ཚད་མཐོ་བའི་རིན་ཐང་དང་། སྤྱི་ཚོགས་དཔལ་འབྱོར་གྱི་ཁེ་ཕན་ལེགས་པོ་འབྱུང་ངེས་སོ།།
  • ལེ་ཚན་སྔོན་མ།:སྣང་གསར་ཐང་ག་དང་དེའི་སྲོལ་གཏོད་པ་པོ་ལྟག་ཨོ་རྒྱན་ཆོས་འཕེལ།
  • ལེ་ཚན་རྗེས་མ།:རྒྱལ་སྤྱིའི་རི་མོའི་སྒྱུ་རྩལ་གླིང་དུ་གོམ་པ་དང་པོ་སྤོ་མཁན་ཡུལ་ཤུལ་གྱི་རི་མོ་བ་པད་དཀར།
  • དོ་སྣང་ཆེ་བའི་རྩོམ།