དཔྱིད་ཀའི་སྤྲོ་སྣང་།

ཞ་ལོ་ཐེ.ཝེ་ཁེ་སི་ལེས་བརྩམས། འཇམ་དར་གྱིས་བསྒྱུར།        2016-04-11

ལོ་ཞིག་གི་དགུན་ཁ་ཧ་ཅང་རིང་། བདག་ནི་ལོང་བ་ཞིག་ཡིན་ཞིང་རང་ཉིད་གཅིག་པུ་ཉིའུ་ཡོག་ཏུ་བསྡད་ཡོད། ལོ་དེའི་དུས་ཡུན་མང་ཆེ་ཤོས་ལ་ང་རང་ཁྱིམ་དུ་བསྡད་ནས་ཕྱིར་མ་སོང་།
 ཉིན་ཞིག་ལ་གྲང་ངར་གློ་བུར་དུ་གར་སོང་མེད་པར་གྱུར་ཏེ་མཁའ་རླུང་ཁྲོད་དུ་མིའི་ལུས་སེམས་གཉིས་ཀར་སིམ་པ་སྟེར་བའི་དྲི་ཞིམ་ཞིག་འཐུལ་བཞིན་འདུག སྒེའུ་ཁུང་གི་ཕྱི་རུ་བྱེའུ་ཆུང་ཞིག་གིས་མཚམས་མི་ཆད་པར་དགའ་འབོད་བྱེད་ཀྱིན་འདུག་ཅིང་། ཚུལ་དེ་ནི་ང་རང་ཕྱི་རུ་གདན་ཞུ་བྱེད་པ་དང་མཚུངས།
དཔྱིད་དུས་ཀྱི་སྲང་ལམ་དུ་སྐྱོད་བཞིན་ངས་ངོ་གདོང་ཉི་མར་ཡར་ཕྱོགས་ཤིང་། བདག་ལ་འོད་སྣང་དང་དྲོད་ཁོལ་སྦྱིན་པའི་ལན་དུ་ཁོར་འཛུམ་མདངས་ཡིད་དུ་འོང་བ་ཞིག་བསྟན།
ང་རང་སྲང་ལམ་ཕྲ་མོ་བརྒྱུད་ནས་དལ་བ་དལ་བུར་བསྐྱོད། བདག་གི་ཁྱིམ་མཚེས་ཀྱིས་ང་ལ་འཚམས་འདྲི་བྱེད་ཞོར་གླ་གཏོང་རླངས་འཁོར་ཞིག་འགོག་དགོས་མིན་དྲིས། “མིན། ཐུགས་རྗེ་ཆེ། ”བདག་གིས་བཤད་རྒྱུར། “ངའི་རྐང་པ་གཉིས་ཀ་དགུན་དུས་ཧྲིལ་པོར་ངལ་གསོས་པ་ཡིན། ད་ལྟ་བདག་གི་ཁྲག་རྩ་རྣམས་འགུལ་སྐྱོད་བྱ་དགོས་པས་ང་རང་ཡུད་ཙམ་རིང་འདི་ལྟར་སོང་ན་བསམས།”
སྲང་ལམ་གྱི་ཟུར་སྣེར་བསླེབས་སྐབས་ང་རང་དུས་རྒྱུན་ནང་བཞིན་སྐྱོད་མཚམས་བཞག་ཅིང་། དུས་རྒྱུན་ལྟར་མི་ཞིག་གིས་ང་རང་ཁྲིད་ནས་ལམ་གྱི་ཕ་རོལ་དུ་སྐྱེལ་བར་བསྒུགས། ཡ་མཚན་པ་ཞིག་ལ་དུས་ཡུན་རིང་པོ་འགོར་ནའང་མི་ཞིག་ང་ལ་རོགས་བྱེད་དུ་བསླེབས་མ་བྱུང་།
བདག་གིས་ངང་རྒྱུད་རིང་པོའི་ངང་ནས་བསྒུགས་ཤིང་ངག་ནས་གཞས་སྙན་པོ་ཞིག་དལ་བུར་བཏང་། དེ་ནི་དཔྱིད་ཀ་བསུ་བའི་གཞས་ཤིག་ཡིན་ཞིང་ང་རང་སློབ་གྲྭར་ཞུགས་པའི་བྱིས་པའི་གནས་སྐབས་ཙམ་ནས་གཞས་དེ་རྒྱུན་པར་གཏོང་བ་ཡིན།
སྐབས་དེར་ཟིལ་ཤུགས་ལྡན་པའི་སྐྱེས་པའི་སྐད་གདངས་ཡིད་དུ་འོང་བ་ཞིག་བདག་གི་རྣ་ལམ་དུ་གྲགས་བྱུང་། “ཚུལ་ལ་བལྟས་ན་ཁྱོད་ནི་ཧ་ཅང་སྤྲོ་སྣང་ལྡན་པའི་མི་ཞིག་རེད། ལྕམ་མོ་ལགས། ང་རང་ཁྱོད་དང་འགྲོགས་ནས་སྲང་ལམ་གྱི་ཕ་རོལ་དུ་སོང་ཆོག་གམ།”
སྐུ་དྲག་ཚོའི་ཉམས་དང་ལྡན་པའི་གདན་ཞུ་བྱེད་སྟངས་དེར་བདག་གིས་མིན་ཟེར་ཐབས་མེད་པས། འཛུམ་མདངས་དང་བཅས་ཁོའི་ཕྱོགས་སུ་འཁོར་ནས“དེ་ལོས་ཆོག”ཅེས་སྨྲས།
ཁོས་ངང་རྒྱུད་འཇམ་པོའི་ངང་ནས་ངའི་ལག་པར་འཇུས་པ་དང་ངེད་གཉིས་མཉམ་དུ་དལ་བུར་མདུན་དུ་བསྐྱོད། ངེད་གཉིས་ཀྱིས་དེ་རིང་གི་གནམ་གཤིས་ལེགས་པོ་དང་། མཛེས་སྡུག་ལྡན་པའི་དཔྱིད་དུས་འདིར་འཚོ་བར་རོལ་བའི་སྤྲོ་སྣང་གི་སྐོར་སོགས་ལབ་གླེང་བྱས།
ངེད་གཉིས་གོམ་སྟབས་མཉམ་པོའི་ངང་ནས་མདུན་དུ་སྐྱོད་བཞིན་ཡོད་པས་སུས་སུ་ཁྲིད་དེ་འགྲོ་བ་གསལ་པོར་བརྗོད་དཀའ། ངེད་གཉིས་ལམ་གྱི་ཁ་གཏད་དུ་བསླེབ་ལ་ཉེ་བའི་སྐབས་སུ་སྒུག་མི་འདོད་པའི་རླངས་འཁོར་གྱི་དུང་སྒྲ་རེ་གཉིས་གྲགས་པ་བདག་གིས་ཐོས། ཚུལ་དེར་བལྟས་ན་བརྡ་གཏོང་གློག་འོད་ཀྱི་ཁ་དོག་གྱུར་ཟིན་པ་ཤེས་ཐུབ།
ངེད་ཅག་གིས་གོམ་པ་མགྱོགས་པོ་འགའ་སྤོས་ནས་སྲང་ལམ་བརྒལ། ང་རང་ཁོའི་ཕྱོགས་སུ་འཁོར་ནས་ཁོས་རང་ཉིད་ལ་རོགས་རམ་དང་འགྲོ་གྲོགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྩིས་བྱས། འོན་ཀྱང་ངས་ཁ་མ་གྲག་གོང་དུ་ཁོས་བདག་ལ“ཁྱེད་ཀྱིས་ཤེས་སམ། ཁྱེད་ལྟ་བུའི་སྤྲོ་སྣང་ཅན་གྱི་མི་ཞིག་གིས་ལོང་བ་བདག་ལ་སྲང་ལམ་རྒལ་གྲོགས་བྱས་པ་ནི་ངོ་མ་དགའ་འོས་པའི་དོན་དག་ཅིག་རེད”ཟེར།
  དེ་ལྟར་འོད་སྣང་བཀྲ་བའི་དཔྱིད་དུས་ཀྱི་ཉིན་མོ་དེ་གཏན་ནས་གཏན་དུ་བདག་གི་དྲན་པའི་མཐིལ་དུ་གནས་པར་གྱུར།
  • ལེ་ཚན་སྔོན་མ།:དཔེ་ཀློག་དང་གསར་བརྗེ།
  • ལེ་ཚན་རྗེས་མ།:སྔོ་ཞིང་བསང་བའི་མཁའ་དབྱིངས་སུ་ཅེ་རེར་བལྟས་ཚེ།