དར་མདོའི་ལྷ་མོ་རྩེ་དགོན་པ།

རིག་བསྟན་གྱིས།        2016-03-14

དར་མདོའི་ལྷ་མོ་རྩེ་དགོན་པ།

ཇ་ནག་དར་རྩེ་མདོའི་ལྷ་མོ་རྩེའི་དགོན་པ་ནི་སྤྱི་ལོ༡༡༢༧ལོར་བླ་མ་སངས་རྒྱས་ཞིང་ཆེན་གྱིས་ཕྱག་བཏབ།དར་མདོའི་ལྷ་མོ་མཆེད་བརྒྱད་ཀྱི་གནས་ཀྱི་རྩེ་མོ་ཡིན་པས་ན་ལྷ་མོ་རྩེ་མོ་ཞེས་འབོད་པ་ཡིན།དེང་སང་གདན་ཐོག་རི་བོ་ཞེས་འབོད་སྲོལ་ཡོད།རྗེས་སུ་མར་སྤོས་ནས་སྤང་ཐོ་ཁའི་གཡས་ཟུར་སྒང་ཆུ་ལུང་པའི་ནང་དུ་དགོན་པ་བཏབ།གྲུབ་མཐའམ་ཆོས་བརྒྱུད་ནི་དེང་སང་དགེ་ལུགས་པ་རེད།གདན་རབས་ཀྱི་བླ་མ་རྣམས་ནི་བླ་མ་སངས་རྒྱས་ཞིང་ཆེན་དང་།རྗེ་བླ་མ་དད་པ་བཟང་པོ།བླ་མ་ཡེ་ཤེས་རྡོ་རྗེ།བློ་བཟང་ཆོས་གྲགས།འཇམ་དབྱངས་ལྷུན་གྲུབ།འཇམ་དབྱངས་ཆོས་འཕེལ།འཇམ་དབྱངས་ལྷུན་གྲུབ་སོགས་ཡིན་པར་བཤད།སྤྱིར་སྔོན་ཆད་གྲུབ་མཐའ་བཀའ་བརྒྱུད་པ་ཡིན་ཡང་རྗེས་སུ་རྒྱལ་དབང་ལྔ་པས་དར་མདོའི་དགོན་པ་མང་པོ་ཞིག་དགེ་ལུགས་པར་བསྒྱུར་བ་རེད་ཅེས་རྒན་རབས་ཚོས་བཤད།གྲྭ་ས་ནི་གཙོ་བོ་འབྲས་སྤུངས་ལ་འགྲོ་དགོས།སྐུ་གསུང་ཐུགས་རྟེན་གནའ་རྫས་རྩ་ཆེན་དུ་མ་ཞིག་ཡོད་པ་དང་།དེ་བཞིན་དུ་མཆོད་ཆ་དང་མཆོད་རྫས།རོལ་མོ་སྣ་ཚོགས།ཚོགས་ཟངས་དང་སྣོད་ཆས་ཆ་ཚང་སོགས་ཡོད་པར་བཤད།  རྗེས་སུ་བསྟན་པ་ཡང་དར་གྱི་སྐབས་སྤྱི་ལོ༡༩༨༢ལོ་ནས་བཟུང་སྟེ་མཆོག་སྤྲུལ་སྐུ་ཞབས་དར་རྒྱས་རིན་པོ་ཆེའི་བཀའ་དྲིན་ལ་བརྟེན་ནས་དགོན་པ་ཕྱི་ནང་ཆ་ཚང་འཛོམས་ཡོད།

དར་མདོའི་ལྷ་མོ་རྩེ་དགོན་པ།

ཕྱག་མཛོད་རྡོ་ཕྲུག་ལགས་ཀྱིས་ལོ་མང་པོར་འགན་ཁུར་ནས་བྱས་རྗེས་གང་མང་བཞག་ཡོད།གཞན་ཡང་ཆོས་རའམ་དུས་མཆོད་འཚོག་རྒྱུ་ལ་མཚོན་ན་ལོ་གཅིག་གི་ཟླ་བ་དང་པོའི་ལོ་གསར་ཚེས༡ལ་ལྷ་མོ་ཚེ་གཏོར་དང་།སྨོན་ལམ་ཆེན་མོ་ཉིན་བརྒྱད།ཟླ་གསུམ་པར་མི་འཁྲུགས་པའི་སྒྲུབ་མཆོད།བཞི་པའི་ཚེས༡ནས༡༦བར་དུ་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་སྨྱུང་གནས་ཆ་བརྒྱད།དྲུག་པའི་ཚེས༡༥ནས་བརྒྱད་པའི་ཚེས༡བར་དུ་དབྱར་གནས།དགུ་པའི་ནང་དུ་ངན་སོང་སྦྱོང་རྒྱུད་ཀུན་རིག་གི་སྒྲུབ་མཆོད་ཉིན་བདུན།བཅུ་པའི་ནང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་མཆོད་ཉིན༧དང་ལྔ་མཆོད་ལ་མཆོད་པའི་ཚོགས་འཁོར།བཅུ་གཅིག་པར་དགུན་མཆོད་བསྐངས་གསོལ་ཆེན་མོ་ཉིན་བདུན་སོགས་འཚོག་རྒྱུ་ནི་གནའ་ནས་ད་ལྟའི་བར་དུ་ཟླ་རེ་རེའི་ནང་དུ་ཚོགས་དགོས།

དར་མདོའི་ལྷ་མོ་རྩེ་དགོན་པ།

དགོན་པ་འདིའི་ནང་དུ་གནའ་ནས་ད་ལྟའི་བར་དུ་མི་ཉག་འཇམ་དབྱངས་གྲགས་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་སོགས་བླ་སྤྲུལ་སྐྱེས་ཆེན་དམ་པ་དུ་མ་བྱོན་མྱོང་ཡོད་པར་མ་ཟད།ཁོང་རྣམ་པ་ཚོས་རྟེན་རྩ་ཆེན་དང་མཆོད་རྫས།རོལ་མོ་སོགས་ཕྱག་རྫས་དུ་མ་ཞིག་གནང་སྦྱིན་མཛད།དེང་སང་གི་དགོན་བདག་ནི་སྤྲུལ་སྐུ་དར་རྒྱས་རིན་པོ་ཆེ་གཙོ་བོ་ཡིན།བླ་མ་ཁོང་ནི་ཐུགས་རྒྱུད་ལྷོད་ལ་འདོད་ཆུང་ཆོག་ཤེས་ཁོ་ནར་ཐུགས་གཞོལ་མཁན་ཞིག་ཡིན།གྲྭ་པའི་ཞལ་གྲངས༣༠ལྷག་ཙམ་ཡོད་པར་བཤད།སྐུ་གསུང་ཐུགས་རྟེན་སྐོར་ལ་གསེར་སྐུ་སྟོང་ཕྲག་འགའ་ཤས་བཞེངས་ཡོད།

དར་མདོའི་ལྷ་མོ་རྩེ་དགོན་པ།

གསུང་རྟེན་སྐོར་ལ་རྒྱལ་བའི་བཀའ་འགྱུར་ཆ་འགའ་ཤས་དང་བསྟན་འགྱུར་ཚར་འགའ་ཤས།བླ་མ་མང་པོའི་བཀའ་འབུམ་བཅས་བླུས་ཡོད།མཆོད་རྟེན་ཆ་དུ་མ་བཞེངས།དེ་བཞིན་དུ་མཆོད་ཆ་དང་མཆོད་རྫས།རོལ་མོ་ཡོ་བྱད་དུ་མ་བླུས་ཡོད།གཞན་ཡང་དེང་སང་དགོན་པའི་གཙུག་ལག་ཁང་དང་།འདུ་ཁང་།དུང་འཁོར་ཁང་།གྲྭ་ཤག གྲུབ་མཐའ་སོ་སོའི་ལྷ་ཁང་སོགས་ཆ་ཚང་འཛུགས་སྐྲུན་བྱས་ཡོད།ད་ལོར་འཇང་དགུན་ཆོས་ཆེན་མོའང་དགོན་པ་རང་ནས་འཚོགས་པ་རེད། །

  • ལེ་ཚན་སྔོན་མ།:རྟའུ་བྲག་དཀར་བདེ་ཆེན་ཕོ་བྲང་གི་བཙུན་མའི་ཆོས་སྡེ་དགེ་ལྡན་ཆོས་གླིང་གི་ལོ་རྒྱུས་མདོར་བསྡུས་བཤད་པ་དྲན་པའི་བཞིན་རས་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །
  • ལེ་ཚན་རྗེས་མ།:བསམ་ཡས་དགོན་གྱི་མཆོད་རྟེན་ཆེན་པོ་བཞི།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10