རྟའུ་བྲག་དཀར་བདེ་ཆེན་ཕོ་བྲང་གི་བཙུན་མའི་ཆོས་སྡེ་དགེ་ལྡན་ཆོས་གླིང་གི་ལོ་རྒྱུས་མདོར་བསྡུས་བཤད་པ་དྲན་པའི་བཞིན་རས་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

ཉན་ཤུལ་འཇམ་དབྱངས་གྲགས་པས་བྲིས།        2016-03-04

༄༅།།བླ་མ་ལ་ཕྱག་འཚལ་ལོ། །
མི་མཇེད་འཇིག་རྟེན་འདྲེན་མཆོག་ཐུབ་པའི་དབང་། །                          
དེས་གསུངས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དང་། །
བསྟན་པ་ཡུན་དུ་གནས་བྱེད་དགེ་འདུན་སྡེ། །
དུས་ཀུན་གཏན་གྱི་སྐྱབས་གནས་རྣམ་གསུམ་རྒྱལ། །
གངས་ཅན་བསྟན་པའི་རྒྱན་གྱུར་བློ་བཟང་གྲགས། །
དེའི་བསྟན་སྡེ་འདིར་འགྱེད་པའི་བཀའ་དྲིན་ཅན། །
བྲག་དཀར་བློ་བཟང་བསྟན་འཛིན་སྙན་གྲགས་མཆོག །
བརྒྱུད་པར་བཅས་ལ་སྤྱི་བོས་གུས་བཏུད་ནས། །
དབེན་པར་དལ་རྟེན་དོན་དང་ལྡན་པའི་ཆེད། །
ཆོས་བརྒྱད་རིང་དུ་དོར་བའི་བཙུན་མའི་དགོན། །
དགེ་ལྡན་ཆོས་གླིང་ཞེས་སུ་གྲགས་པའི་སྡེ། །
ཇི་ལྟར་བྱུང་བ་མདོ་ཙམ་འབྲི་བར་བྱ། །
དེ་ལྟར་མཆོད་བརྗོད་དང་བགྱི་བ་དམ་བཅའ་སྔོན་དུ་བཏང་ནས་གང་གླེང་བར་བྱ་བ་ནི། འདིར་རི་བོ་དགེ་ལྡན་པའི་ཆོས་བརྒྱུདའཛིན་པའི་བཙུན་མའི་ཆོས་སྡེ་འདིའི་ཆགས་ཡུལ་ནི། རྟའུ་བྲག་དཀར་བདེ་ཆེན་ ཕོ་བྲང་ཞེས་པ་དཔལ་འཁོར་ལོ་སྡོམ་པའི་གནས་མཆོག ཡུལ་ཆེན་ཉེར་ བཞིའི་ཡ་གྱལ་གནས་ཕྲན་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ་འདི་ཡི་མཚན་ལ་རྟའུ་བྲག་དཀར་རམ་ལྷུན་གསུམ་བྲག་དཀར་ཞེས་གྲགས་ཤིང་། གནས་སྲུང་ནོར་བུ་ལྷ་རྩེ་ཞེས་པས་བདག་ཏུ་བཟུང་བའི་གནས་ཁྱད་པར་དུ་འཕགས་པ། སྔོན་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། སྔ་འགྱུར་གྱི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་དང་། དཔལ་ཆེན་རྒ་ལོ། ར་ལོ་ཙཱ་བ་རྡོ་རྗེ་གྲགས། གཏེར་སྟོན་ཆེན་པོ་མ་ཏི་རརྣ་སོགས་དང་།མཁས་གྲུབ་ཆེན་པོ་ཁྲི་ཆེན་ངག་དབང་མཆོག་ལྡན།རྒྱ་བོད་ཧོར་མན་ཇུ་བཅས་པར་དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་བའི་མཁས་གྲུབ་ཆེན་པོ་རྗེ་ལྕང་སྐྱ་པ་རོལ་བའི་རྡོ་རྗེ་སོགས་ཀྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས། དཔལ་འཁོར་ལོ་སྡོམ་པའི་སྔགས་ཀཱ་ར་ཀི་རིའི་སྔགས་ཆ་ཚང་རང་བྱོན་དུ་མཇལ་རྒྱུ་ཡོད་པ་དང་། ཁྲི་ཆེན་ངག་དབང་མཆོག་ལྡན་ཀྱིས་དབང་གནང་སྐབས་ཀྱི་བཞུགས་ཁྲི་སོགས་ད་ལྟ་ངོས་འཛིན་བྱེད་ཐུབ་པ་ཡོད་ཅིང་། གཞན་ཡང་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་བསམ་ལས་འདས་པའི་བྱིན་གྱིས་བརླབས་པ་དང་།རང་བྱོན་བགྲང་ལས་འདས་པ་ཡོད་ཅིང་། མཐར་དུར་ཁྲོད་ཀྱི་བཀོད་པ་ ཚང་བ། གཏེར་ཆེན་པོ་བརྒྱད་སོགས་ཡོད་ཅིང་། ཕྱག་མཚན་སྣ་ཚོགས་ དང་༑ མཁའ་འགྲོའི་བརྡ་ཡིག ཕྱག་ཞབས་ཀྱི་རྗེས་སོགས་དུ་མ་ཡོད་ པའི་ངོ་མཚར་བའི་གནས། བན་དྷེ་དང་། བོན་པོའི་ལུགས་སོགས་གང་ མོས་སུ་བསྐོར་ཆོག་པའི་གནས་དེའི། ཤར་ཕྱོགས་ན་རྡོ་རྗེ་གཡུ་ཁྲོམ་ དང༑ འབྲུག་རི་དུང་སྒ་སོགས་གངས་རི་དང་། ལྷོ་ཕྱོགས་ན་རྩི་ཤིང་འབྲས་ལྡན་སྣ་ཚོགས་ཀྱིས་ཕྱུག་པའི་སྙན་ཤལ་སྒང་ཞེས་རི་ནོར་བུ་སྤུངས་པ་ལྟ་བུ། ནུབ་ཕྱོགས་ན་གཡུ་འབྲུག་འཕྱོ་བ་ལྟ་བུའི་ཤེལ་ཆུ་ འབབ་པ། བྱང་ཕྱོགས་ན་ར་ལུ་རྨོག་མཐོ་དང་། སེ་བོ་གཞི་བདག་སོགས་ རྫ་བྲག་གི་རི་བོ་དམག་དཔོན་དགྲ་ལ་ཆས་པ་ལྟ་བུ་སོགས། ཞི་རྒྱས་ དབང་དྲག་འགྲུབ་པའི་གནས་དེ་ལ། ཕྱོགས་བཞིའི་རི་བོ་མཐོ་དམན་ ཐམས་ཅད་ཀྱིས་གནས་རི་ཆེན་པོ་འདི་ལ་གུས་པའི་ཚུལ་གྱིས་མགོ་བོ་ དུད་པ། གནས་ཀྱི་སྲུང་མ་དགེ་བསྙེན་ཆེན་པོ་ནོར་བུ་ལྷ་རྩེས་བདག་ཏུ་བཟུང་བའི་མགུལ་ཁུག་ན། ཞྭ་སེར་རིང་ལུགས་འཛིན་པའི་བཙུན་མའི་ཆོས་སྡེ་དགེ་ལྡན་ཆོས་གླིང་ཞེས་པ་འདི་ནི། སྔར་སྔགས་སྒང་དུ་ཧོར་བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱི་ སློབ་རྒྱུད་རྣམས་ཡོད་པ།རིག་གནས་གསར་བརྗེའི་སྐབས་ཇོ་མོ་རྣམས་རང་རང་གི་ཁྱིམ་དུ་བསྐྲད་པ་རྣམས། སླར་རིག་གསར་མཇུག་བསྡུས་ རྗེས༑ སྔགས་སྒང་དུ་མ་སོང་བར་གནས་འདིར་གཞི་བཟུང་བ་ཞིག་ཡིན༑ དེ་ཡང་ཐོག་མར་རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་༡༩༨༠ ལོ་ལ། ཕོ་གཞིས་བ་ཇོ་མོ་སྒྲོལ་མ་དང་། མདོ་སྐྱ་བ་རྡོ་རྗེ་སྒྲོལ་མ། སྐྱོགས་སོ་བ་བདེ་སྐྱིད་མཚོ། སྐུ་རི་བ་བཀྲ་ཤིས་དབང་མོ། སྐྱོགས་སོ་བ་ཇིན་ཤོས་བཅས་ལྔ་གནས་འདིར་ཕེབས་ཏེ་སྤྱིལ་བུ་ལ་བརྟེན་ནས་གནས། དེ་རྣམས་ནི་དཀར་མཛེས་སྟོང་སྐོར་ཞབས་དྲུང་གི་སྐུ་མཆེད། བྲག་དཀར་ཐུབ་བསྟན་དཔལ་ལྡན་འོད་ཟེར་གྱི་སློབ་མ་ཡིན་འདུག དེ་ནས་རིམ་བཞིན་ཇོ་མོ་རྙིང་པ་རྣམས་འདུས་པ་དྲུག་ཅུ་སྐོར་ལ་སླེབས། དེ་དུས་གོང་རིམ་གྱིས་གནས་དེར་འདུག་མི་ཆོག་ཅེས་བཤད་པ་སོགས་ཀྱིས། ཇོ་མོ་རྣམས་འདུག་གཟོད་བདེ་མི་བདེའི་གནས་ཚུལ་མང་པོ་བྱུང་། རབ་བྱུང་བཅུ་དྲུག་པའི་མེ་སྟག་༡༩༨༦ལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པཎ་ཆེན་སྐུ་ཕྲེང་བཅུ་པ་རྟའུར་ཕེབ་སྐབས་ཇོ་མོ་རྣམས་ཀྱི་གནས་ ཚུལ་སྙན་ཞུ་བྱས་པས། རྟའུ་བྲག་དཀར་གནས་མདུན་དུ་ཆོས་སྡེ་ཆགས་ཆོག་པ་དང་།    དགོན་པའི་མཚན་ཡང་དགེ་ལྡན་ཆོས་གླིང་ཞེས་གནང་བས། དེ་ནས་རིམ་བཞིན་ཆོས་སྡེ་འདི་ཆགས་པ་ཡིན་ནོ། །དེ་ཡང་དང་པོ་དགོན་གཞིས་ཆགས་སྐབས། ཁྲོམ་རར་རས་ཆ་ཉོ་རྒྱུ་མེད་སྟབས་མི་སེར་རྣམས་ཀྱིས་རས་འཛིན་བྱིན་པ་རྣམས་ཀྱིས་རས་ཉོས་ཏེ་གུར་ ཆེན་པོ་ཞིག་བཟོས་ཏེ་དེར་འཚོགས། ཇོ་མོ་རྣམས་སྤྱིལ་བུ་ཁོ་ནར་ལོ་ ཤས་གནས། སྐབས་དེ་དུས་བྲག་དཀར་སྤྲུལ་སྐུ་དཔལ་ལྡན་བསྟན་འཛིན་ སྙན་གྲགས་ཀྱི་སློབ་མ་གཅིག་བཞུགས་ཡོད་པ་ནི། ཅོ་འ་ཡ་ཡ་བ་བཙུན་རྒན་མ་ཚེ་རིང་ཞེས་པ་དགུང་ལོ་བདུན་ཅུ་ལྷག་ལ་ཕེབས་པ་གཅིག་ བཞུགས་པ། རྗེས་སུ་དགུང་ལོ་གྱ་དྲུག་ལ་འདས་སོ། །དེ་ནས་རིམ་བཞིན་ འདུ་ཁང་བཞེངས་པ་དང་། ཇོ་མོ་གསར་བྱུང་མང་པོར་ཇོ་མོ་རྒན་པ་ རྣམས་ཀྱིས་ཀློག་སློབ་པ་ནས་བཟུང་། ཆོ་ག་ཕྱག་ལེན། སྔོན་འགྲོ་བཅས་ ཁྲིད་པ་དང་། ཉམས་ལེན་གྱི་སྐོར་སོགས་ཐམས་ཅད་རང་སྟོབས་རང་སྤེལ་གྱི་སྒོ་ནས་དར་སྤེལ་བཏང་བ་ལས་བླ་མ་གཞན་ལ་ཆོས་ཞུ་བ་དང་། སློབ་ཁྲིད་ཉན་པ་སོགས་ཡེ་མི་བྱེད། ད་ལྟའི་བྲག་དཀར་སྤྲུལ་སྐུ་དབུས་ ལྷ་ལྡན་དུ་འཁྲུངས་ཤིང་བཞུགས་པའི་བསོད་ནམས་འགྱུར་མེད་ལགས་ཕེབས་ཏེ།འཛིན་བདག་གནང་བ་དང་། འཆར་འགོད་སོགས་གནང་ བཞིན་ཡོད་པ་ལས། ཆོས་ཁྲིད་སོགས་རྒྱ་ཆེར་གནང་མེད། ཁོངས་ནི་དགུང་སྙིང་ལྕགས་ཡོས་ལོ་སྟེ། ད་ལྟ་རབ་བྱུང་བཅུ་བདུན་པའི་༢༠༡༣ ཆུ་སྦྲུལ་ལོ་ལ་དགུང་ལོ་དྲུག་ཅུ་རེ་གསུམ་བཞེས་འདུག  དེ་ནས་དགོན་པ་བཞེངས་གྲུབ་པ་དང་། བྲག་དཀར་གཟིམ་ཁང་། གྲྭ་ཁང་ལྕགས་རི་དང་བཅས་པ་ལེགས་པར་གྲུབ། བཙུན་མ་ཡང་རིམ་བཞིན་འཕེལ་ཏེ། ད་ལྟ་ སུམ་བརྒྱ་སུམ་ཅུ་སྐོར་བཞུགས་ཤིང་། རྟའུ་ཉི་མཚོ་དགོན་གྱི་མ་བུར་ ཆོས་མཛད་ཀྱི་སྤྲུལ་སྐུ་ཤེས་རབ་བཟང་པོ་བྱོན་ཏེ་ལོ་གཉིས་ལྷག་སོང་ཞིང༑ཆོས་ཁྲིད་བློ་སྦྱོང་སོགས་གནང་བཞིན་ཡོད་དོ།། གཞན་ཡང་དགོན་པ་འདིའི་ཆོས་སྤྱོད་ནི། བདེ་མཆོག་ལཱུ་ཨི་པ་པན་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་དང་། རྒྱལ་དབང་ལྔ་པས་ཆོག་བསྒྲིགས་སྨན་བླའི་མདོ་ཆོག་ཡིད་བཞིན་དབང་རྒྱལ། བླ་མ་མཆོད་པ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་། སྨོན་ལམ་རྣམ་བདུན། གདུགས་ཤེར་སྒྲོལ་གསུམ། བྲག་དཀར་བླ་མའི་གསུང་ཐོར་བུ་སོགས་རི་བོ་དགེ་ལྡན་པའི་ཆོས་སྤྱོད་སྤྱི་འགྲོས་ལྟར་རོ། །
སླར་སྨྲས་པ །
དལ་འབྱོར་ཚང་བའི་རྟེན་མཆོག་རྙེད་དུས་འདིར། །
རྒྱལ་བསྟན་དང་མཇལ་དེ་ཡི་དོན་རྟོགས་ནས། །
དབེན་པའི་རི་ལ་སྒྲུབ་པའི་རྒྱལ་མཚན་འཛུགས། །
འདི་ལྟར་ལོངས་སུ་སྤྱོད་རྣམས་སྐལ་བ་བཟང་། །
ལུས་ནི་དབེན་པའི་རི་ལ་གནས་བཅས་ཀྱང་། །
སེམས་ཀྱི་རྟ་ཕོ་ཡུལ་ཀུན་འདྲོག་གྱུར་ན། །
དོན་གཉིས་ལྷུན་གྲུབ་རྒྱུ་རུ་མི་འགྱུར་བས། །
སེམས་ཉིད་བསམ་གཏན་ངང་དུ་གནས་པར་མཛོད། །
རང་གིས་ལྟ་སྒོམ་སྤྱོད་གསུམ་གང་ལ་ཡང་། །
ལག་ཏུ་ལོན་པ་གཅིག་ཀྱང་མེད་མོད་ཀྱང་། །
ཐར་འདོད་གཞོན་སྐྱེས་རྣམས་ཀྱི་བགྲོད་ལམ་དུ། །
རྒན་པོ་དྲང་གཏམ་ཤོག་དཀར་ཐང་དུ་འཕོས། །
འདིར་འབད་རྣམ་པར་དཀར་བའི་དགེ་འབྲས་ཀྱིས། །
ཚེ་འདིར་མི་འདོད་སྤྲིན་ནག་མཐུག་པོ་ལས། །
ཐར་ཏེ་རྣམ་མཁྱེན་ཉི་མའི་འོད་ཟེར་གྱིས།། འགྲོ་བློའི་པད་མོ་བཞད་པའི་རྒྱུར་གྱུར་ཅིག །
ཅེས་རྟའུ་བྲག་དཀར་རམ་ལྷུན་གསུམ་བྲག་དཀར་བདེ་ཆེན་ཕོ་བྲང་གི་བཙུན་མའི་ཆོས་སྡེ་དགེ་ལྡན་ཆོས་གླིང་གི་ལོ་རྒྱུས་མདོར་བསྡུས་བཤད་པ་དྲན་པའི་བཞིན་རས་གསལ་བའི་མེ་ལོང་ཞེས་བྱ་བ་འདི་ནི། ཆོས་སྡེའི་འགན་ཁུར་བ་སྐུ་རུ་ཚེ་རིང་ལྷ་མོ་དང་། ཅོ་འ་ཟླ་བ་ལྷ་མོ། རི་སྣེ་ཆོས་འཛིན་དབང་མོ། སྐམ་ཞིང་འཆི་མེད་དབང་མོ་སོགས་བཙུན་མ་རྣམས་ཀྱིས་བསྐུལ་བ་བཞིན། སྔར་གྱི་ཇོ་རྒན་མ་དགུང་ལོ་གྱ་ལྔ་བཞེས་པའི་སྐྱོགས་སོ་ཕྲིན་ལས་ལྷ་ཁོ་དང་།དགུང་ལོ་གྱ་བཞི་བཞེས་པའི་ཡོ་བཤེས་འོད་ཟེར་ལྷ་མོ་སོགས་ཀྱིས་ཇི་ལྟར་གསུངས་པ་ལྟར་ལ།གཞན་ཡང་གནས་ཡིག་སོགས་ལས་ཁ་སྐོང་འོས་པ་འགས་ཁ་བསྐངས་ཏེ། རབ་རྒྱན་ཆུ་སྦྲུལ་༢༠༡༣ལ་བདག་རང་ཉིད་གནས་དེར་ཆེད་བསྐྱོད་ཀྱིས་དྲི་བ་བཅས་བྱས་པ་རྣམས།མི་ཉག་དཔལ་སྨད་དུ་ཉན་ཤུལ་འཇམ་དབྱངས་གྲགས་པ་རང་ལོ་དོན་གཉིས་ཀྱི་སྐབས་སུ་སུག་བྲིས་བགྱིས་པའོ། ། 
  • ལེ་ཚན་སྔོན་མ།:ཀ་བཞི་མི་ཕམ་གླིང་གི་ཇོ་བོའི་ལོ་རྒྱུས་བཤད་པ་མཐོང་གྲོལ་ལམ་བཟང་ཞེས་བྱ་བ་བཞུགས་སོ།།
  • ལེ་ཚན་རྗེས་མ།:དར་མདོའི་ལྷ་མོ་རྩེ་དགོན་པ།
  • དོ་སྣང་ཆེ་བའི་རྩོམ།