གཡུ་ནི་བླ་མཚོན་བྱེད་ཅིག་ཡིན་པའི་སྐོར།

    མཚོ་སྔོན་པོ་དྲ་བ།    2016-03-03

གཡུ་ནི་བླ་མཚོན་བྱེད་ཅིག་ཡིན་པའི་སྐོར།

བོད་ཀྱི་རིག་གནས་ནང་དུ་རྡོ་ཆུང་ཆུང་ཞིག་གནའ་རབས་བཙན་པོའི་དུས་ནས་དེང་དུས་ཀྱི་བར་དུ་གལ་ཆེའི་གནས་བབས་བཟུང་ཡོད། དེ་ནི་གཡུ་ཞེས་པའི་དངོས་པོ་དེའོ། ། གཡུ་ནི་རྩ་ཤིན་ཏུ་ཆེ་བའི་རྡོའི་རིགས་ཤིག་དང་རྒྱན་ཆའི་རིགས་ཤིག་ཡིན་པར་མ་ཟད། དེ་ནི་མི་མངོན་པའི་ནོར་ལོངས་སྤྱོད་ཀྱི་བདག་ཉིད་ཅན་ཞིག་ཀྱང་ཡིན་པར་ངོས་འཛིན་བྱེད། གཞན་ཡང་དེ་ལ་བླ་གཡུ་ཞེས་ཟེར་ནས་བླ་ཡི་མཚོན་བྱེད་ཅིག་ཏུ་བརྩི་ལ། ཕོ་མོའི་དབར་གྱི་བརྩེ་དུང་གི་མཚོན་རྟགས་ཤིག་ཀྱང་ཡིན་ནོ།།
བླ་བསླུའི་ཆོ་ག་སྤེལ་སྐབས། མཆོད་གནས་སམ་སྔགས་པ་དེས་བླ་གཡུ་དེ་བླ་བསླུ་ཡུལ་གྱི་སྐྱེ་བོ་དེའི་སྐེ་ལ་འདོགས་པ་དང་། བླ་བསླུ་ཡུལ་གྱི་སྐྱེ་བོ་དེས་ངེས་པར་དུ་བླ་གཡུ་དེ་མི་བརླག་པར་བདག་གཅེས་ཡག་པོ་བྱེད་དགོས་ལ། གལ་ཏེ་བླ་གཡུ་དེ་བརླག་པའམ་ཆག་སྐྱོན་སོགས་བྱུང་ན་བླ་གཡུའི་བདག་པོའི་སྲོག་ལ་བར་ཆད་འབྱུང་བར་བཤད། བཤད་སྲོལ་ལྟར་ན་བླ་གཡུའི་མདོག་ནི་ཁོར་ཡུག་གི་འོད་མདངས་མི་འདྲ་བའི་ཆ་རྐྱེན་འོག་འགྱུར་ལྡོག་འགྲོ་ཞིང་། གལ་ཏེ་དེའི་མདོག་ཉིད་སྐྱ་མདོག་ལྟ་བུར་གྱུར་ན་ཅུང་ཟད་མི་ལེགས་ཤིང་དེ་ནི་ལྟས་ངན་པའི་རྟགས་མཚན་ཞིག་ཏུ་བརྩིའོ། །
བོད་དུ་གཉེན་སྒྲིག་གི་ཆོ་ག་སྤེལ་སྐབས། མནའ་མ་དེས་མག་པར་བརྩེ་དུང་གི་མཚོན་བྱེད་ཡིན་ནོ་ཞེས་གཡུ་ཞིག་སྤྲོད་ལ། མག་པས་མནའ་མར་བླ་གསེར་ཞེས་པའི་གསེར་རྡོག་ཅིག་ཀྱང་སྤྲོད་སྲོལ་ཡོད།(《བོན་གྱི་ལོ་རྒྱུས་དང་བཀའ་བསྟན་གཉིས་སྐོར་རགས་ཙམ་གླེང་བ》ཞེས་པར་གསལ།)དེ་བཞིན་ཡིག་ཆ་གཞན་ནང་དུ་མག་པས་མནའ་མར་གཙུག་གཡུའམ་ཐོད་གཡུ་ཞེས་པའི་གཡུ་ཞིག་སྤྲོད་ལ། གཡུ་དེ་ཉིད་མནའ་མས་རང་གི་ཐོད་པར་བརྒྱན་པ་དང་སྐྱེ་བོ་གཞན་པ་ཞིག་གིས་གཡུ་བཤད་པ་ཞེས་པའི་བཤད་པ་རྒྱག་སྲོལ་ཡོད།(རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི《དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ》དུ་གསལ།)གཙུག་གཡུ་ནི་གཅིག་ནས་བུད་མེད་ཀྱི་རྒྱན་ཆ་རྩ་ཆེ་ཞིག་ཡིན་ལ། གཉིས་ནས་རང་གི་དགའ་གྲོགས་སམ་ཟླ་བོར་བཅངས་པའི་མི་འགྱུར་བརྩེ་སེམས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན་པ་རེད། གཤམ་གསལ་གྱི་སྙན་ཚིག་དམ་བུ་དེ་ཉིད་ལས་གོང་གསལ་གྱི་ནང་དོན་དག་གསལ་བཤད་བྱེད་ཐུབ་སྟེ། གཏན་གྲོགས་ཁྱོད་ལ་བསམ་པའི། །ཁྲེལ་དང་ངོ་ཚ་མེད་ན། །མགོ་ལ་བརྒྱབ་པའི་གཙུག་གཡུས། །སྐད་ཆ་བཤད་ནི་མི་ཤེས། །(《རིག་འཛིན་ཚངས་དབྱངས་རྒྱ་མཚོའི་གསུང་མགུར་དང་གསང་བའི་རྣམ་ཐར》དུ་གསལ།)ཞེས་པ་ལྟར་རོ། །
གླིང་གེ་སར་རྒྱལ་པོའི་སྒྲུང་ནང་དུ། གླིང་དང་ཧོར་གཉིས་འཐབ་སྐབས། ཧོར་གུར་དཀར་རྒྱལ་པོས་བྱ་བཞི་མངགས་ནས་མཐའ་བཞིའི་རྒྱལ་ཁབ་ཁག་ནང་བཙུན་མོ་འཚོལ་བར་བཏང་། ཧོར་གྱི་བླ་བྱ་ཡིན་ཞེས་པའི་བྱ་ནག་པོ་དེ་ཡུལ་མང་པོ་བརྒྱུད་མཐར་གླིང་ཞེས་པའི་གེ་སར་རྒྱལ་པོའི་འཁྲུངས་ཡུལ་དུ་སླེབས། དེར་བྱ་དེས་གེ་སར་གྱི་བཙུན་མོ་འབྲུག་མོ་ཉིད་ཁོང་གི་ཞལ་ཏ་གཉིས་ཀྱི་མདུན་དུ་དབུ་སྐྲ་སླ་བཞིན་ཡོད་པ་མཐོང་། བྱ་དེ་འབྲུག་མོའི་མཛེས་སྡུག་ལ་ཧང་སངས་པ་དང་། དེས་དབུ་སྐྲ་སླ་སྐབས་ལོགས་སུ་བཞག་པའི་གཙུག་གཡུ་དེ་བརྐུས་ནས་འཁྱེར་སོང་ངོ་། ། བྱ་ནག་དེ་ཧོར་ཡུལ་དུ་ལོག་རྗེས་འབྲུག་མོའི་གཙུག་གཡུ་དེ་རྒྱལ་པོར་ཕུལ་ནས་འབྲུག་མོའི་མཛེས་སྡུག་ལྟ་ན་སྡུག་པའི་ཁྱད་ཆོས་རྣམས་རྒྱལ་པོར་བརྗོད། རྗེས་སུ་འབྲུག་མོ་ཉིད་ཧོར་གྱིས་བཙན་འཕྲོག་བྱས་པས་ཁོང་མོ་རེ་ཞིག་ཧོར་རྒྱལ་པོའི་ཆུང་མར་མི་སྡོད་ཀ་མེད་བྱུང་ངོ་། །(ངག་དབང་བསྟན་འཛིན་ཕུན་ཚོགས་ཀྱི《ཧོར་གླིང་གཡུལ་འགྱེད》དུ་གསལ།) ཐ་ན་དེང་གི་ཆར་ཡང་གཡུ་ནི་རྩོམ་རིག་བརྩམས་བྱའི་ནང་གི་རྒྱུ་ཆར་གྱུར་ཡོད་པ་ནི་ཉེ་ཆར་ལྷ་སར་པར་སྐྲུན་བྱས་པའི་བརྩམས་སྒྲུང《གཙུག་གཡུ》ལྟ་བུ་ལགས་སོ། །
གསེར་དང་གཡུ་གཉིས་བསྲེས་ནས་རྒྱན་ཆ་བཟོ་བ་མ་ཟད། དེ་ཉིད་ཆོས་ལུགས་ཀྱི་མཆོད་པའི་ནང་དུ་བེད་སྤྱོད་བྱ་སྲོལ་ཡོད་པ་ནི་རྒྱ་ཁྱབ་ཏུ་མཆིས། དེ་ལྟ་བུའི་བསྲེས་སྦྱོར་བྱ་སྲོལ་ནི་ཆེས་གནའ་བོའི་ཡིག་ཆའི་ནང་འཁོད་ཡོད་ལ། ལྷག་པར་དུ་བོན་གྱི་དཔེ་ཆའི་ནང་དུ་གསེར་གཡུ་གཉིས་བེད་སྤྱོད་བྱེད་ཚུལ་མང་པོ་འཁོད་ཡོད། དཔེར་ན། བོན་གྱི་ཆོ་གའི་སྐོར་གྱི་དཔེ་ཆ་ཞིག་གི་ནང་དུ། དེ་ནས་དབུ་ལ་ལ་ཐོད་བཅིངས། །ཁ་གསེར་ཁ་གཡུ་ཞལ་དུ་མུར། །གསེར་དང་གཡུ་ཡི་སྒྲོན་མེ་བཏེགས། །མདའ་དར་ཕྱར་ལ་འདི་སྐད་དོ། །(《མཁའ་ཀློང་གསང་མདོས》སུ་གསལ།)ཞེས་བྱུང་བ་ལྟ་བུའོ། །ཆོ་ག་དེ་དངོས་སུ་སྤེལ་སྐབས། ཆོ་ག་སྤེལ་མཁན་དེས་ཁ་གསེར་ཞེས་གསེར་རྡོག་གཅིག་ཁ་ནང་གི་གཡས་ངོས་སུ་འཇོག་པ་ཡིན། འོན་ཀྱང་། ཆོ་ག་དེ་རིགས་ཀྱི་ནང་དོན་ནི་གསང་བ་ལྐོག་གྱུར་གྱི་གནད་དུ་ཟད་དོ། །སློབ་དཔོན་བསྟན་འཛིན་རྣམ་དག་གིས་ཆོ་ག་དེའི་གལ་ཆེའི་རང་བཞིན་སྐོར་གསུངས། གཟེར་མིག་ལས་ཀྱང་ཁ་གསེར་ཁ་གཡུ་ངོ་མཚར་བཀའ་ཡི་རྟགས་ཞེས་གསེར་གཡུ་བསྲེས་སྦྱོར་གྱི་ཆོ་ག་སྤེལ་སྲོལ་ཡོད་ཚུལ་ར་སྤྲོད་བྱས་ཡོད་དོ། །

གཡུ་ནི་བླ་མཚོན་བྱེད་ཅིག་ཡིན་པའི་སྐོར།

གཞན་ཡང་ཁ་གསེར་དང་ཁ་གཡུ་ཞེས་པ་དེ་གཉིས་ནི་ཆང་དང་ཇའི་མཆོད་པར་ཡང་གོ་བ་ཡིན་ཏེ། གསེར་བླུགས་པའི་ཕོར་པའི་ནང་དུ་ཆང་ངམ་ཇ་མཆོད་ཕུལ་བར་གསེར་སྐྱེམས་དང་། གཡུ་ཆུང་བླུགས་པའི་ཕོར་པའི་ནང་དུ་ཇ་མཆོད་ཕུལ་བར་གཡུ་སྔོན་ཞེས་ཟེར་སྲོལ་ཡོད་དོ། །
བོད་ཀྱི་གཏམ་རྒྱུད་ཅིག་ནང་དུ་འཁོད་པ་ལྟར་ན། ལྷ་ཆེན་གེ་ཁོད་ཀྱིས་རང་ཉིད་ཀྱི་སྐྱེད་མ་ཉིད་མི་གསོད་ཐབས་མེད་བྱུང་། རྒྱུ་མཚན་ནི་མ་དེའི་བདུད་འདྲེའི་རང་བཞིན་སླར་ཡང་མངོན་པའི་ཕྱིར་རོ། །དེ་ཡང་ནམ་ཞིག་ལྷ་དང་བདུད་གཉིས་དབར་དམག་འཁྲུག་ལངས་པའི་ཚེ། ལྷ་ཆེན་གེ་ཁོད་ནི་མ་ཤེས་པར་རང་གིས་མ་བསད་པས་འགྱོད་གདུང་དྲག་པོས་མནར་བ་ལས། དེས་ཉི་ཟླ་གཉིས་ལས་ཉི་མ་དེ་རང་གི་ཁ་ནང་གི་གཡས་ངོས་སུ་བཞག་པ་དང་། ཟླ་བ་ཉིད་རང་གི་ཁ་ནང་གི་གཡོན་ངོས་སུ་བཞག་རྗེས་གཉིད་ཁུག་ནས་བསྡད། འོན་ཀྱང་ལྷ་ཆུང་ཀུ་བྱི་མང་ཀེ་ཡིས་སྐབས་དེ་དང་བསྟུན་ནས་ཉི་ཟླ་གཉིས་གློད་བཀྲོལ་བཏང་ངོ། །
གོང་གསལ་བརྗོད་པའི་གཏམ་རྒྱུད་དང་ཆོ་གའི་ནང་གསེར་དང་གཡུ་གཉིས་ཁ་ནང་དུ་འཇོག་པའི་ལུགས་སྲོལ་གཉིས་དབར་གྱི་འབྲེལ་བ་ནི་ཡ་མཚན་ཅན་ཞིག་ཏུ་མངོན་ལ། ལྷག་པར་དུ་ཟླ་བ་དང་གཡུ་གཉིས་ནི་རྩ་བ་ནས་འབྲལ་ཐབས་བྲལ་བའི་དངོས་པོ་གཉིས་ཡིན། འོན་ཀྱང་། གོང་གསལ་ལྷ་སྒྲུང་དང་ཆོ་ག་གཉིས་དབར་གྱི་འབྲེལ་བར་སྣང་ཆུང་གཏན་ནས་བྱེད་མི་ཉན་ནོ། །
གཡུ་དང་བླ་སྲོག་དབར་གྱི་འབྲེལ་བའི་སྐོར་ནི་གནའ་བོའི་ཡིག་ཆའི་ནང་དུའང་འཁོད་ཡོད་ལ། གཡུ་ཉིད་གས་ཆག་ཏུ་འགྲོ་བ་དང་རྒྱལ་བློན་ཤི་བའི་དབར་འབྲེལ་བ་བྱ་སྲོལ་ཡོད་པ་དཔེར་ན། རྗེ་ནི་གྲོངས་ཀྱིས་མྱེད། གཡུ་ནི་གྲུགས་ཀྱིས་མྱེད།ཅེས་དང་། རྗེ་ནི་ད་ཕན་ཏེ་ནི་ནོངས། གཡུ་ནི་བཟང་སྟེ་གྲུགས། རྗེ་གྲོངས་ནི་གཙུགས་ལས་གྲོངས། གཡུ་གྲུགས་ནི་དབུ་ལས་གྲུགས།ཞེས་པ་ལྟ་བུའོ། །དེ་ཡང་དོན་འགྲེལ་རགས་ཙམ་བྱས་ན། རྒྱལ་པོ་ནི་འདས་ནས་མེད་པར་གྱུར་ཟིན། གཡུ་ནི་གས་ཆག་ཏུ་གྱུར་ནས་མེད་པར་ཆགས་ཟིན། ཞེས་དང་། རྒྱལ་པོ་ནི་བཀའ་དྲིན་ཆེ་ནའང་གྲོངས་ཟིན། གཡུ་ནི་བཟང་ནའང་གས་ཆག་ཏུ་གྱུར་ཟིན། ཞེས་པའི་དོན་ནོ། །དེར་བརྟེན། མགོའམ་ལུས་པོའི་སྟོད་ངོས་སུ་གཡུ་འདོགས་པའི་སྲོལ་ནི་གནའ་བོའི་དུས་ནས་དར་ཡོད་ལ། གཡུ་ཉིད་བླ་སྲོག་གི་མཚོན་བྱེད་གལ་ཆེན་ཞིག་ཡིན་པ་ནི་གོང་གསལ་གནའ་བོའི་དཔྱད་གཞི་དེ་དག་ལས་གསལ་པོར་རྟོགས་ཐུབ་ལ། དེ་བཞིན་བོད་ཀྱི་བཙན་པོའི་ཐོག་མ་གཉའ་ཁྲི་བཙན་པོའི་འབྱུང་ཁུངས་དང་འབྲེལ་བའི་གཏམ་རྒྱུད་ལས་ཀྱང་ཤེས་ཐུབ་བོ།  །
  • ལེ་ཚན་སྔོན་མ།:བོད་མིའི་དར་ལྕོག་འཛུགས་སྲོལ།
  • ལེ་ཚན་རྗེས་མ།:ཆང་བཤད།