བོད་ཀྱི་གནས་ཆེན་ཤར་རྒྱལ་མོའི་དམུ་རྡོའི་ངོ་སྤྲོད་མདོར་བསྡུས།

    མཚོ་སྔོན་པོ་དྲ་བ།    2011-01-20

གངས་ཅན་བོད་ཀྱི་གནས་ཆེན་ཤར་རྒྱལ་རོང་དམུ་རྡོའི(མུར་རྡོ་དང་རྨི་རྡོ། དམུ་རྡོ་སོགས་ཡི་གེ་འབྲི་ཚུལ་མང་པོ་ཞིག་སྣང་མོད། འདིར་ཁོ་བོས་གནས་དེའི་འདབས་ཀྱི་མིས་བྲིས་ཡོད་པ་ལྟར་དམུ་རྡོ་ཞེས་བྲིས་ཡོད་དཔྱད་འཚལ)གནས་ཆེན་དེ་ནི་བོད་མདོ་དབུས་ཁམས་གསུམ་དུ་བགོས་པའི་མདོ་ཁམས་ཏེ། གནས་སྐབས་ས་ཁོངས་ཀྱི་དབང་དུ་བྱས་ན་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱལ་དར་རྩེ་མདོ་གྲོང་གི་བཞག་བྲ་ལྟག་སྒོའི་བྱང་སྨད་ཀྱི་ཕྱོགས་དང་། རྒྱལ་རོང་རོང་བྲག་རྫོང་གི་མངའ་ཁོངས་ཤར་ཕྱོགས་སྤྱི་ལེ་བདུན་བརྒྱད་ཀྱི་མཚམས་སུ་གནམ་གྱི་ཀ་བ་ལྟར་བརྗིད་ཤིགས་སེར་གནས། གནས་རི་འདི་ནི་བོད་གདོད་མའི་དུས་སྐུ་བླ་ཆེན་པོ་ཞེས་མཆོད་བསྟོད་བྱེད་ཡུལ་གྱི་རང་བྱུང་གི་གནས་རི་ཆེན་པོ་ཞིག་ཡིན་པ་དང༌།(འདི་ལ་བོན་ལུགས་དང་བན་ལུགས་གཉིས་པོས་རང་རང་གི་ཡི་དམ་ལྷ་ཡི་གནས་སུ་ངོས་འཛིན་ལུགས་ཀྱི་གནས་བཤད། ཆོས་སྐོར་དང་བོན་སྐོར་སོགས་གནས་མཇལ་བྱེད་སྟངས་འདུག་མོད། འདིར་ཕྲན་གྱིས་བན་ལུགས་ལྟར་གྱིས་གནས་མཇལ་བྱས་ཏེ་བན་ལུགས་ལྟར་ཅུང་ཙམ་བྲིས་པ་ཡིན)།

བོད་ཀྱི་གནས་ཆེན་ཤར་རྒྱལ་མོའི་དམུ་རྡོའི་ངོ་སྤྲོད་མདོར་བསྡུས།
གཡོན་ལུང་ནོར་བུ་ཕུག་གི་བྲག་ངོར་རྡོ་དཀར་གྱི་ནོར་བུ་རང་བྱོན་ངོ་མཚར་ཅན།

བོད་ཀྱི་གནས་ཆེན་ཤར་རྒྱལ་མོའི་དམུ་རྡོའི་ངོ་སྤྲོད་མདོར་བསྡུས།
གཡོན་ལུང་ནོར་བུ་ཕུག་མདུན་དུ་བཞུགས་པ་བེེ་རོས་བཞེངས་པར་གྲགས་པའི་མཆོད་རྟེན་བྱིན་ལྡན།

  ཆོས་རྒྱལ་ཁྲི་སྲོང་གི་སྐུ་དུས་སུ་བོད་ཀྱི་མཐའ་མཚམས་སྲུང་བའི་རྒྱལ་ཕྲན་ཚ་རོང་རྒྱལ་པོ་མདོ་གཞེར་ནག་པོའི་ཟོ་དོར་ཆེན་པོ་ཞིག་ཡིན་པར་གྲགས། དུས་སྐབས་དེར་བོད་ཀྱི་མཁས་གྲུབ་ཆེན་པོ་ལོ་ཙཱ་བེ་རོ་མཆོག་གིས་ནང་ཆོས་བསྒྱུར་སྤེལ་མཛད་པ་ལ་བར་ཆད་དུ་མ་ཞིག་དང་། ལྷག་པར་རྒྱལ་པོའི་བཙུན་མོ་དམར་རྒྱན་མས་མ་ཉེས་པའི་ཁ་ངན་སྣ་ཚོགས་པ་བརྗོད་པར་རྐྱེན་བྱས་ཏེ་མཐའ་སྤྱུགས་མཛད་ཡུལ་གྱི་གནས་ཡིན་པ་དང༌། ལོ་ཙཱ་ཆེན་པོས་གནས་འདིར་དམ་པའི་ཆོས་དར་སྤེལ་དང་བུ་སློབ་ཀྱི་མཆོག་གྱུར་ཤར་རྒྱལ་རོང་བ་གཡུ་སྒྲ་སྙིང་པོ་སོགས་གསོ་སྐྱོང་མཛད་པའི་ཞོར་དུ་ཁོང་ཉིད་ཀྱིས་ནང་བ་སངས་རྒྱས་པའི་ལམ་གྱི་མཐར་ཐུག་མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཉེ་ལམ་མངོན་དུ་བྱེད་ཡུལ་གྱི་སྒྲུབ་གནས་ཕུན་སུམ་ཚོགས་པར་བསྒྱུར་ཚུལ་གྱི་ལོ་རྒྱུས་བཞུགས་པའི་གནས་དེ་ཡིན་པ་དང༌། སློབ་དཔོན་གྱིས་དཔལ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་བའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པའི་ས་སྤྱོད་ཀྱི་གནས་རི་ཞིག་གི་ལོ་རྒྱུས་ཅན་དེ་ཡིན།

བོད་ཀྱི་གནས་ཆེན་ཤར་རྒྱལ་མོའི་དམུ་རྡོའི་ངོ་སྤྲོད་མདོར་བསྡུས།
དམ་ཅན་ཕུག་མདུན་དུ་བཞུགས་པའི་སློབ་དཔོན་བེེ་རོའི་གྲུབ་རྟགས་ཀྱི་ཞབས་རྗེས་གསལ་བོ།

བོད་ཀྱི་གནས་ཆེན་ཤར་རྒྱལ་མོའི་དམུ་རྡོའི་ངོ་སྤྲོད་མདོར་བསྡུས།
གནས་འདབས་ཀྱི་གནའ་བོའི་བོད་དམག་གི་སོ་ཁང་།

   གནས་རི་འདི་རང་བྱུང་གི་བྲག་རི་ནགས་ཚལ་གྱིས་བརྒྱན་ཞིང་རྙེད་དཀའ་བའི་སྨན་ཤིང་དང་མེ་ཏོག་སྣ་ཚོགས་ཀྱི་གཏེར་མཛོད་ཅིག་དང༌། རང་བྱུང་ཤེལ་རིགས་མཐོང་མ་མྱུང་བའི་ཐོན་རྫས་ངོ་མཚར་བ་མང་པོ་མངོན་གསུམ་ཐ་མལ་བའི་སྤྱོད་ཡུལ་དུ་གང་འདོད་དུ་འདུག་ས་ཞིག་རེད་འདུག གནས་འདི་ལ་མཐའ་སྐོར་དང་ནང་སྐོར་བྱེད་པའི་ལམ་བུ་གཉིས་སུ་མཆིས་པ་ལས། ནང་སྐོར་གནས་རི་ལ་ཉེ་བཏུད་ཀྱིས་རི་ངོས་སུ་འཛེགས་ན། གནས་མདུན་ཐལ་སྦྱར་བྲག་རིའི་གཡོན་ལུང་ཕྱོགས་ནས་འགྲོ་དགོས་ལ། ལམ་ནས་ངག་རྒྱུན་ལྟར་ན་གཡུ་སྒྲ་སྙིང་པོ་འཁྲུངས་གནས་ཀྱི་གྲོང་སྡེ་དང་གནའ་བོའི་ལུགས་ཀྱི་སོ་ཁང་རྡོ་རིང་སོགས་མཐོང་ཐུབ། དེ་ནས་ཕུག་ཏུ་སོང་ན་བེེ་རོའི་བསམ་གཏན་ཕུག་པ་དང༌། སྒོ་མདུན་ཕྱོགས་སུ་ཉི་མ་ཕུག་དང་ཟླ་བ་ཕུག་སོགས་སྒྲུབ་ཕུག་བྱིན་རླབས་ཅན་དག་མཇལ་རྒྱུ་འདུག དེ་ནས་གྲོག་རོང་གི་གནས་འཇིགས་སུ་རུང་བ་བརྒྱུད་དེ་ཕུག་ཏུ་སོང་ན་གཡུ་སྒྲ་ཕུག་ཅེས་ཕུག་པ་བྱིན་རླབས་ཅན་ཞིག་ཡོད་པར་ཐོས་ཀྱང་ཕྲན་གྱིས་མཇལ་མ་ཐུབ། དེ་ནས་གཡས་ཕྱོགས་སུ་གྲོག་རོང་གི་རྐང་ལམ་དེད་དེ་ཕྱིན་ན་ལམ་དུ་བེེ་རོའི་ཕྱག་མཁར་གྱིས་གྲུབ་རྟགས་གནང་ཤུལ་དང༌།གནས་བདག་གི་ཆིབས་པ་འདོགས་གནས་སུ་གྲགས་པའི་རྡོ་མཇལ་རྒྱུ་འདུག དེ་ནས་གཡོན་ལུང་དུ་ཐོན་ན་ནོར་བུ་ཕུག་ཅེས་བྲག་ངོས་ན་རྡོ་དཀར་གྱིས་གྲུབ་པའི་ནོར་བུ་ཡིད་དུ་འོང་བ་མཇལ་རྒྱུ་འདུག དེ་ན་བེེ་རོའི་ཕུག་པ་སོགས་རང་བྱུང་གི་སྒྲུབ་ཕུག་མང་དུ་འདུག གནས་དེ་ན་ཚེ་དང་སྒྲུབ་པ་སྙོམས་པའི་བསམ་གཏན་པ་མང་པོ་འདུག དེ་དག་གིས་དཀའ་སྤྱད་སྒོམ་སྒྲུབ་ལ་ནན་ཏན་གནང་ལུགས་མཇལ་ན་རང་གིས་རང་ལ་མི་ལུས་བླངས་པ་དོན་མེད་དུ་ཤོར་འདུག་སྙམ་སྟེ་ཡུས་བརྗོད་ཤོར་བའི་གནས་སུ་འདུག ད་དུང་གནས་དེ་ན་གུ་རུ་སིདྡྷིའི་རང་སྒྲ་ཅན་དུ་གྲགས་པའི་ཆུ་གཏེར་དང༌། སློབ་དཔོན་བེེ་རོ་སྐུ་དངོས་ཀྱིས་བཞེངས་པར་གྲགས་པའི་མཆོད་རྟེན་སོགས་མཇལ་ཡུལ་མང་པོ་བཞུགས། དེ་ནས་ལུང་ཕུག་དེད་དེ་ལ་བརྒལ་ན་རྡོ་རྗེ་ཕུར་བའི་མཆོད་རྟེན་རང་བྱོན་དུ་གྲགས་པ་ཞིག་མཇལ་རྒྱུ་ཡོད་པར་ཐོས་ཀྱང་ཕྲན་གྱིས་མཇལ་མ་ཐུབ།དེ་ནས་ཐུར་ལུང་ཁོག་ཏུ་གྲོག་ལམ་བརྒྱུད་དེ་བབས་ན་གནས་ཀྱི་སྒོ་སྲུང་དམ་ཅན་གྱི་ཕུག་དང་དམ་ཅན་གནས་པའི་བྲག་རྡོ་ཆེན་པོ་ངོ་མཚར་བ་མཇལ་རྒྱུ་འདུག གནས་དེ་ན་སློབ་དཔོན་བེེ་རོས་གྲུབ་རྟགས་ཀྱི་ཞབས་རྗེས་བྲག་ལ་བཞག་པ་མཇལ་རྒྱུ་འདུག དེ་ལ་སོགས་པའི་གནས་ཀྱི་ཕྱི་ནང་གསང་གསུམ་དུ་གང་ཟག་དབང་བོ་རབ་འབྲིང་ཐ་གསུམ་རང་རང་གི་སྤྱོད་ཡུལ་དུ་གནས་སྣང་འགྱུར་བ་དང༌།མཐོང་སྣང་འདྲ་མིན་བསམ་ཡུལ་ལས་འདས་པ་ཡོད་ཚུལ་ལོ་རྒྱུས་གནས་དེ་ན་སྒོམ་སྒྲུབ་ལ་བརྩོན་པ་དག་གི་ཞལ་ལས་ཐོས་པ་ཡིན། རྔམ་བརྗིད་ཀྱི་གནས་འདི་ལ་སོན་ན་ཡིད་དྭངས་ཤིང་ཉོན་མོངས་ཀྱི་རྒྱུ་འགྲུལ་ཇེ་ཉུང་དུ་འགྲོ་བ་སོགས་ཀྱི་ཡོན་ཏན་མངོན་གསལ་དུ་ཡོད་པ་དང་། གནས་རི་མཐོ་སར་ཕྱིན་མདུན་ཕྱོགས་སུ་རྒྱལ་རོང་སྐུ་བླ་རི་བོ་སོགས་ཕྱོགས་སོ་སོ་ན་མཐོ་ཁྱད་མཚར་ཆེ་བའི་རི་ཀླུང་མང་པོ་མཐོང་རྒྱུ་ཡོད་པ་སོགས་ཡིད་ཤིན་ཏུ་སྤྲོ་བའི་གནས་ཤིག་གོ།

བོད་ཀྱི་གནས་ཆེན་ཤར་རྒྱལ་མོའི་དམུ་རྡོའི་ངོ་སྤྲོད་མདོར་བསྡུས།
དམུ་རྡོའི་གནས་བདག་ཆེན་པོའི་སྐུའི་སྣང་བརྙན།

  ད་དུང་གནས་འདི་ན་བེེ་རོ་ཙ་ནའི་ཕྱག་མཁར་གྱིས་ཕུག་པའི་བྲག་རྡོ་སོགས་ངོ་མཚར་བའི་ལྟད་མོ་དུ་མ་དང་། གནས་འདབས་ཀྱི་བོད་མི་ཚོས་སེམས་གཤིས་སུ་ཆགས་པའི་ཆོས་ལུགས་ལ་འཛིན་པའི་ལྟ་ཚུལ་སོགས་ཡུལ་སྲོལ་གཤིས་ནས་གནའ་རྫས་བཅའ་དངོས་རྙིང་བ་དུ་མའི་ཐད་ནས་བོད་གནའ་བོའི་དུས་ཀྱི་ལོ་རྒྱུས་དང་བན་བོན་ཆོས་ལུགས་གཉིས་ཀྱི་ཆོ་ག་སྤེལ་ཚུལ་གྱི་འཕོ་འགྱུར་སོགས་མང་ཆེན་ཞིག་ལ་བོད་གདོད་མའི་དུས་ཀྱི་དྲི་རྙིང་ད་དུང་གནས། དེ་ལས་ཀྱང་མཁར་ཁང་དག་གི་བཟོ་བཀོད་ནི་བོད་རང་གི་གདོད་མའི་དུས་ཀྱི་རང་ཚུགས་ལོས་ཡིན་སྙམ་པའི་རིན་ཐང་འདུག ཁོ་ཚོ་ལ་རྡོ་བཟོའི་ལས་རིཊ་ཀྱི་ཐད་ནས་ཅུང་བྱང་ཆ་ཡོད་པའི་རྟགས་ཡོད་ཅིང་། དེས་ཀྱང་བོད་ཀྱི་ལག་རྩལ་གྱི་ལྷག་མ་རིན་ཐང་ཅན་ཞིག་ཏུ་སེམས་སོ།  །

  • ལེ་ཚན་སྔོན་མ།:གངས་རིའི་མེས་པོ་ཧི་མ་ལ་ཡ།
  • ལེ་ཚན་རྗེས་མ།:ཨ་མྱེས་རྨ་ཆེན།