རྩོམ་ཡིག་འབྲི་ཀློག་དེ་དགའ་ཕྱོགས་དངོས་སུ་གྱུར་ན་ད་གཟོད་རྩོམ་པ་པོའི་རྒྱལ་ཐབས་དབང་།

ཁང་སར་ཚེ་དབང་རིག་འཛིན།        2016-08-31

རྩོམ་ཡིག་འབྲི་ཀློག་དེ་དགའ་ཕྱོགས་དངོས་སུ་འགྱུར་ན་ད་གཟོད་རྩོམ་པ་པོའི་རྒྱལ་ཐབས་དབང་།
_གསར་རྩོམ་དང་འབྲེལ་བའི་སྐད་ཆ་ཐུང་ངུ་།

ཕྲན་རང་ཉིད་ནི་འབྲོག་ཕྲུག་རྣལ་མ་ཞིག་ཡིན།   ཆུང་ཆུང་བེའུ་རྫིའི་ཞོར་དུ་སྦྲ་གུར་སློབ་གྲྭ་དང་ཕ་དྲིན་ཆེན་གྱི་མདུན་ནས་ཀ་ཁའི་དབྱངས་རྟ་གྱེར་ཞིང་། སྐབས་དེ་ཤེད་ནས་བཟུང་བོད་མའི་ལས་དབང་ལ་སིམ་པའི་གསལ་བྱེད་དང་དབྱངས་བཞིར་འབྲེལ་འདྲེས་ཀྱི་རྟེན་འབྲེལ་ཐོག་མ་བཙུགས།    དེ་རྗེས་རྟ་ནོར་ལུག་གསུམ་གྱི་རྫི་བོའི་ཞོར་ནས་ཧོར་གླིང་གཡུལ་འགྱེད་ཀྱི་གཙོའི་གླིང་སྒྲུང་སྣ་ཚོགས་དང་།    མི་རོ་རྩེ་སྒྲུང་གཙོའི་གཏམ་རྒྱུད་སྣ་ཚོགས་ལ་བལྟས་ནས་སྒོ་ཕྱུགས་བོར་སྟོར་དང་རི་སྤྱང་གི་ཁ་རུ་ཤོར་བའང་ཉུང་ཉུང་མིན།   རྗེས་སོར་དགོན་པར་ཕྱིན་ནས་སུམ་རྟགས་དག་གསུམ་དང་སྙན་ངག་མངོན་བརྗོད་སོགས་རིག་གནས་ཀྱི་སྐོར་དང་།    ཚད་མ་ཕར་ཕྱིན་སོགས་མཚན་ཉིད་ཀྱི་སྐོར་ལའང་སྦྱངས།   དེ་རྗེས་ཡང་བསྐྱར་སློབ་གྲྭ་འགྲིམ་ནས་རིག་གཞུང་སྣ་མང་གི་ཕྱོགས་ལ་འབད་པ་བྱས།    རྗེས་སུ་ལས་ཀར་ཞུགས་པ་ནས་ཀྱང་སློབ་སྦྱོང་ངམ་དཔེ་ཀློག་ནི་རང་ཉིད་མི་ཡུལ་འདིར་སྐྱེས་པའི་དོན་སྒོ་ལྟ་བུར་བཟུང་ནས་ཉིན་རེའི་ཟས་ཐུན་གསུམ་ལྟར་བསྐྱུར་མ་མྱོང་།   སློབ་སྦྱོང་དེ་དག་གི་བརྒྱུད་རིམ་ཁྲོད་དུ་རྩོམ་ཡིག་ཙག་ཙིག་སྣ་ཚོགས་ཤིག་བྲིས་མོད།   དུས་དེབ་དང་ཚགས་པར་དུ་བསྐུར་བ་ནི་ཤིན་ཏུ་འཕྱི།   རྒྱུ་མཚན་ནི་ཡི་གེ་བ་སུ་ཞིག་ཡིན་ནའང་སོ་སོའི་བྲིས་རྩོམ་དེ་སྤྱི་ཚོགས་ཀྱི་ལྟ་ཀློག་པ་དག་གི་མིག་ལམ་དུ་བསྟར་བར་གཅིག་ན་འབྲེལ་ཡོད་དཔེ་དེབ་ལྟ་ཀློག་དང་།   གཉིས་ན་ཡུན་རིང་གི་རྩོམ་འབྲིའི་སྦྱོང་བརྡར།   གསུམ་ན་སྤྱི་ཚོགས་ཀྱི་འགན་འཁྲིའི་བསམ་བློ་སོགས་སྔོན་དུ་མི་འགྲོ་ག་མེད་དག་ཅིས་ཀྱང་བརྒྱུད་དགོས་སྙམ་པའི་འདོད་བློ་སུབ་མེད་དེས་ཡིན།    ༢༠༡༠ལོ་ཡས་མས་ནས་རང་གི་རྩོམ་འབྲིའི་ཕུགས་འདུན་ལ་མེ་ཤུགས་གསར་དུ་སྤར་ཏེ་བརྩམས་སྒྲུང་འབྲི་བར་དངོས་སུ་ཞུགས་ནས་བརྩམས་སྒྲུང་གཙོ་བོ་ཡིན་པའི་རྩོམ་ཡིག་ཆ་མ་ཆོལ་མང་པོ་ཞིག་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་མང་པོར་བསྐུར།    དེ་ལྟ་བུའི་རྩོམ་འབྲིའི་བརྗོད་བྱ་ནི་རང་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་ཐུན་མིན་རིག་གནས་དང་འཚོ་བ་ལོས་ཀྱང་ཡིན།   དེའི་ནང་ནས་ཀྱང་དམའ་རིམ་གྱི་འཚོ་བར་དུངས་སེམས་འབུལ་རྒྱུ་ནི་རང་འགུལ་གྱིས་ཤོར་འགྲོ་བའི་རྩོམ་འབྲིའི་མཛུབ་མོ་དཀྱུ་ཕྱོགས་ཤིག་ཀྱང་ཡིན་སོང་།    
    རྩོམ་འབྲིའི་དགའ་ཕྱོགས་དེ་ལས་རང་གིས་ནམ་རྒྱུན་དེ་འབྲེལ་གྱི་གོ་སྐབས་ཡག་པོ་འཚོལ་གྱིན་ཡོད་དེ།    གཙོ་བོར་རྒྱུན་དུ་རྒྱལ་ཕྱི་ནང་གི་བརྩམས་སྒྲུང་བ་གྲགས་ཆེན་གྱི་རྩོམ་ཆོས་ཀློག་པ།    རྩོམ་རིག་འཆད་ཁྲིད་ཀྱི་ཟབ་སྦྱོང་དང་བགྲོ་གླེང་ལ་ཞུགས་པ།    རྩོམ་རིག་ཆེད་མཁས་པའི་དགེ་རྒན་ལ་དངོས་སུ་དྲི་བ་འདོན་པ།   རང་ཉིད་དང་དགའ་ཕྱོགས་གཅིག་པའི་གྲོགས་དང་ཉམས་མྱོང་བརྗེ་རེས་ཀྱི་གླེང་མོ་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱད་དེ་རང་གི་དགའ་ཕྱོགས་ལ་ལམ་ཇེ་ཡང་དུ་འགྲོ་བར་འབད་པ་ཡིན།    ལྷག་པར་༢༠༡༣ལོར་ཟི་ལིང་ནས་བསྒྲུབས་པའི་ལོའུ་ཞིན་རྩོམ་རིག་གླིང་གི་སྐབས་བདུན་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ཟབ་སྦྱོང་འཛིན་གྲྭ་ལ་ཞུགས་པས་རང་ཉིད་ཀྱི་རྩོམ་རིག་གི་རྨི་ལམ་ལ་ཁ་དོག་གསར་བ་ཞིག་བསྩལ།   མདོར་ན་རང་ཉིད་ལ་དགའ་ཕྱོགས་གཏན་ཁེལ་བ་ཞིག་ཡོད་རྒྱུ་ཤིན་ཏུ་གལ་ཆེ་ལ།    དགའ་ཕྱོགས་དེ་དགའ་ཕྱོགས་དངོས་ཤིག་ཏུ་འགྱུར་བའི་གོ་རིམ་ཁྲོད་དུ་གཏོང་དགོས་པའི་ལས་དོན་མང་པོ་ཞིག་ཕང་མེད་དུ་བློས་གཏོང་ཐུབ་ན་དགའ་ཕྱོགས་དེས་རང་ཉིད་ཀྱི་མི་ཚེ་ལ་བདེ་སྐྱིད་ཀྱི་དྲོད་ཁོལ་ཞིག་སྐྱེལ་བ་གདོན་མི་ཟ་སྙམ་མོ།།   
 

  • ལེ་ཚན་སྔོན་མ།:ལྷུག་རྩོམ་གླེང་བའི་གཏམ།
  • ལེ་ཚན་རྗེས་མ།:ནོར་ཉམས་ཆོད་པའི་ནོམ་པ།
  • དོ་སྣང་ཆེ་བའི་རྩོམ།